རྩིས་འཁོར་གྱི་བདེ་འཇགས་དང་དུག་སེལ་མཉེན་ཆས་སྐོར་བརྗོད་པ།
ཡོང་ཁུངས།:བརྡ་འཕྲིན་ལག་རྩལ།
རྩོམ་སྒྲིག་པ:སུང་ཆི།
སྤེལ་དུས།:2014-04-03 10:12:00
གཅིག དུག་སེལ་མཉེན་ཆས།
རྩིས་འཁོར་གྱི་ཉེན་དུག་ཁྱབ་སྤེལ་ཆེར་ཕྱིན་པས་གོ་ལ་ཧྲིལ་བོར་གོད་ཆག་ཚབས་ཆེན་བཟོས་ཡོད། ཕལ་ཆེར་རྩིས་འཁོར་ཞིག་ཡིན་པ་ཐམས་ཅད་ཉེན་དུག་མ་ཕོག་པ་གང་ཡང་མེད་ཅེས་བཤད་མི་ཆོག་པ་མེད། དེ་བས་ཀློག་ཀླད་དུ་ཉེན་དུག་འགོག་བསོད་ཐུབ་པའི་མཉེན་ཆས་པར་ཡང་དག་ཅིག་ནང་འཇུག་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ། སྤྱིར་བཏང་ཚད་ལྡན་གྱི་དུག་སེལ་མཉེན་ཆས་ཅིག་ཡིན་ན་ཁྱད་ནུས་གཙོ་བོ་ནི་ཉེན་དུག་སྔོན་འགོག་དང་བསོད་པ་གཉིས་ཡིན། དུས་རྒྱུན་མི་མང་པོ་ཞིག་གིས་སྣང་ངོར་ཉེན་དུག་བསོད་པ་གལ་ཆེར་བཟུང་ནས་སྔོན་འགོག་ལ་མཐོང་ཆེན་མི་བྱེད་པ་ནི་ནོར་འཁྲུལ་ཞིག་རེད། བོད་ཀྱི་གཏམ་དཔེ་ལའང་ཆུ་མ་འོངས་གོང་ལ་རགས་ཞེས་པ་བཞིན་དུག་སེལ་མཉེན་ཆས་ཀྱི་ནུས་པ་བཟང་ངན་ཉེན་དུག་སྔོན་འགོག་བྱས་ནས། ཉེན་དུག་རྩ་བ་ནས་རང་གི་རྩིས་འཁོར་དང་གཞན་དུ་གྱེར་འགོག་ཐུབ་རྒྱུ་ནི་གལ་ཆེ། དེ་བས་དུག་སེལ་མཉེན་ཆས་ཀྱི་དུས་ངེས་མེད་ཉེན་རྟོག་མ་ལག་ནང་འཇུག་བྱས་ཐོག དུས་བཅད་ལྟར་བྱེད་ནུས་ཇེར་མཐོར་ཐུབ་པའི་འགོག་ཆས་ནང་འཇུག་བྱེད་དགོས། གལ་ཏེ་དྲ་རྒྱ་ཅན་གྱི་དུག་སེལ་མཉེན་ཆས་ནང་འཇུག་བྱེད་ན་དང་པོ་ནས་རང་འགུལ་གྱིས་བྱེད་ནུས་ཇེར་མཐོར་གཏོང་བར་བཅོས་དགོས།

གཉིས་པ། དུས་རྒྱུན་དུ་རྩིས་འཁོར་གྱི་མ་ལག་གསབ་འཇུག་དང་ཉེན་དུག་རྟོག་དཔྱོད་གཞི་གྲངས་ནང་འཇུག་བྱེད་དགོས། ཉེན་དུག་ཀུང་སིའི་ལག་རྩལ་ཇེ་མཐོ་དང་ཉེན་དུག་གི་རྣམ་པ་མང་པོ་ཉིན་ལྟར་དར་ཁྱབ་འགྲོ་བཞིན་པས། ཉིན་ལྟར་ཉེན་རྟོག་མ་ལག་གི་ཉེན་དུག་མཛོད་གསར་བརྗེ་བྱས་ནས་ཉེན་དུག་ཆེས་གསར་བས་གནོད་པ་བྱུང་བར་ལྡོག་དགོས། གཟའ་འཁོར་རེའི་ནང་རྩིས་འཁོར་ལ་ཁྱོན་ཡོངས་ནས་ཉེན་དུག་འཚོལ་བསོད་བྱས་ཏེ་མ་ལག་ནང་སིམ་པའི་ཉེན་དུག་སེལ་དགོས། ཉེན་དུག་འགོས་ཟིན་ན་ཐོག་མར་དུག་སེལ་མཉེན་ཆས་པར་གཞི་ཆེས་གསར་མར་བསྒྱུར་རྗེས་ཁྱོན་ཡོངས་ནས་ཉེན་དུག་འཚོལ་བསོད་བྱས་ཚེ་ཉེན་དུག་རྩ་བ་ནས་སེལ་ཐུབ། ཉེན་དུག་སེལ་ཐབས་མེད་པའམ་ཉེན་དུག་ངོས་ཟིན་གསལ་བོ་མ་ཐུབ་ན་དུག་སེལ་མཉེན་ཆས་མ་ལག་ཀུང་སིར་སྤྲད་ན། ཀུང་སིས་དུས་ཐུང་ནང་བཀོལ་མཁན་གྱི་འདོད་པ་སྐོང་སྲིད། གལ་ཏེ་དྲ་ལམ་བརྒྱུད་གནོད་པ་གཏོང་མཁན་བྱུང་ཚེ་མྱུར་དུ་དྲ་ལམ་སྐུད་པ་གཅོད་པའམ་དུག་སེལ་མཉེན་ཆས་མ་ལག་ནང་གི་དྲ་ལམ་གཅོད་པའི་བྱེད་ནུས་རྡེག་ནས་གནོད་པ་ལྡོག་དགོས།
གཉིས། གསང་གྲངས་འཁྲུག་པོ་བཀོལ་བ།དྲ་ངོས་དང་ཁོར་ཡུག་མི་གཅིག་པའི་ནང་གསང་གྲངས་མི་གཅིག་པ་བཀོལ་རྒྱུ་གལ་ཆེ། དུས་རྒྱུན་དྲ་ཐོག་གི་དངུལ་ཁང་། ཡིག་སྒམ། དྲ་ལམ་ཨང་གྲངས། གླེང་མོལ་ཁང་སོགས་གསང་གྲངས་བཀོལ་དགོས་ས་མང་པོ་ཡོད། དེ་བས་གསང་གྲངས་མི་གཅིག་པའམ་དུས་རྒྱུན་གསང་གྲངས་གསར་བ་བརྗེ་རྒྱུ་གལ་ཆེ། དྲ་ཐོག་གི་དངུལ་ཁང་ལྟ་བུའི་གསང་གྲངས་གལ་ཆེ་བ་ལྷག་པར་ཏུ་གཞན་དང་མི་མཐུན་པའི་གསང་གྲངས་འཇོག་དགོས། གསང་གྲངས་འཇོག་སྐབས་སྐྱེས་སྐར་དང་ཁ་པར་ཨང་གྲངས། དབྱིན་ཡིག་གི་བརྡ་ཆད་མིང་ཚིག་སོགས་མི་འཇོག་པར། གསལ་བྱེད་ཡི་གེ་དང་ཨ་ལ་པོའི་ཨང་གྲངས་བསྲེས་ནས་བཞག་ན་གཞན་གྱིས་གསང་བརྟོལ་བྱེད་རྒྱུ་ཁག་པོ་ཡོད།

དྲ་ངོས་མང་ཆེ་བར་གསང་གྲངས་ཡིད་འཛིན་བྱེད་ནུས་ཡོད་པས། སྒྱིད་ལུག་པ་ལ་ལས་ཐེངས་རེ་རེར་གསང་གྲངས་འཇུག་པར་ལས་ཁག་པོ་ཞིག་ཏུ་བསམ་ནས་གསང་གྲངས་ཡིད་འཛིན་བྱེད་ནུས་འདེམས་པ་ནི་ཉེན་ཁ་ཧ་ཅང་ཆེ། སྤྱིར་གསང་གྲངས་ཡིད་འཛིན་བྱེད་ནུས་འདེམས་སྐབས་གསང་གྲངས་གབ་སྦས་བྱས་ཡོད་ཀྱང་། སྤྱིར་བཏང་གི་རྩིས་འཁོར་བཀོལ་མཁན་ཞིག་གིས་ཀྱང་གསང་གྲངས་བརྟོལ་ཐུབ་པས་བློ་རྟོན་མི་རུང་། གལ་ཏེ་ཅིས་ཀྱང་གསང་གྲངས་ཡིད་འཛིན་བྱེད་ནུས་སྟབས་བདེ་ལ་ཚགས་ཁག་པོ་མེད་པར་བསམ་ན། མི་སྒེར་གྱི་རྩིས་འཁོར་ལ་མ་ལག་ཁ་ཕྱེ་བར་ཐོག་མའི་གསང་གྲངས་ཅིས་ཀྱང་འཇོག་དགོས་ལ། མི་གཞན་གྱིས་བཀོལ་སྤྱོད་གནང་སྐབས་ཧ་ཅང་གཟབ་དགོས། ལྷག་པར་ཏུ་དྲ་ཁང་དང་གཞུང་བཀོལ་གྱི་རྩིས་འཁོར་བཀོལ་སྐབས་གསང་གྲངས་ཡིད་འཛིན་བྱེད་ནུས་འདེམས་སྤྱོད་བྱེད་མི་རུང་།
གསུམ། ཆ་རྒྱུས་མེད་པའི་མཉེན་ཆས་དང་ཡོང་ཁུངས་མི་གསལ་བའི་ཡི་གེ་དང་བཅས་པའི་ཟུར་ཕུལ་ཡིག་ཆ་ལ་གཟབ་དགོས།
ང་ཚོས་དུས་རྒྱུན་དྲ་ཐོག་ནས་མཉེན་ཆས་སྣ་ཚོགས་མར་ལེན་བྱས་ནས་ནང་འཇུག་བཀོལ་སྤྱོད་བྱེད་བཞིན་པ་དང་། མཉེན་ཆས་འདི་དག་གིས་རང་ཉིད་ཀྱི་སློབ་སྦྱོང་དང་འཚོ་བ་ལ་རོགས་རམ་མང་པོ་ཐོབ་ཀྱི་ཡོད། འོན་ཀྱང་མཉེན་ཆས་ལ་ལས་ལྐོག་ཏུ་དགའ་བསུ་མི་བྱེད་པའི་ཉེན་དུག་སོགས་བསྐྱལ་ཡོངས། དེ་བས་བློ་གཏད་ཆོག་པའི་དྲ་ཐོག་ནས་མཉེན་ཆས་མར་ལེན་བྱེད་པ་མ་ཟད། རྩིས་འཁོར་གྱི་སྲ་ལྡེར་ཕལ་བའི་འོག་ཆེད་ཉར་ཡིག་ཆའི་སྣོད་ཞིག་ཏུ་གྱེར་འཇོག་གནང་དགོས་པ་དང་། ནང་འཇུག་མ་བྱས་གོང་ལ་དུག་སེལ་མཉེན་ཆས་ཀྱིས་དུག་སེལ་བྱེད་དགོས། གལ་ཏེ་དུས་ངེས་མེད་ཉེན་རྟོག་མཉེན་ཆས་ནང་འཇུག་བྱས་ཡོད་ན་དུས་ལྟར་དྲ་ཐོག་ནས་མར་ལེན་བྱས་པའི་བརྡ་འཕྲིན་ལ་ལྟ་རྟོག་བྱེད་ཐུབ།
དྲ་ཐོག་གི་ཉེན་དུག་ལ་སྣ་ཚོགས་པ་ཡོད། ཉེན་དུག་ལ་ལ་ཡིག་སྒམ་བརྒྱུད་ཁྱབ་སྤེལ་བྱེད་བཞིན་ཡོད། དུས་རྒྱུན་ཡིག་སྒམ་ནང་འབྱོར་བའི་ཡི་གེ་ལ་ཁ་བྱང་ཁྱད་མཚར་པོ་བཞག་ནས་བཀོལ་མཁན་གྱི་ཡིད་བཀུགས་པ་དང་བློ་རྨོངས་པར་བྱས་ནས་ཟུར་ཕུལ་ཡིག་ཆའི་ཁ་ཕྱེ་རུ་འཇུག་པ་ཡིན། གལ་ཏེ་ཁྱེད་ཀྱིས་བརྡར་ཤ་མ་བཅད་པར་ཟུར་ཕུལ་ཡིག་ཆ་མར་ལེན་ཁ་ཕྱེ་ཚེ་ཉེན་དུག་ཕོག་སྲིད་པས། ཡོང་ཁུངས་མི་གསལ་བའི་ཡི་གེ་དང་ཟུར་ཕུལ་ཡིག་ཆ་ཁ་ཕྱེ་བར་ཧ་ཅང་གཟབ་དགོས།
ད་ལྟ་དྲ་སྟེང་གི་ནག་མི་ལ་ལས་དྲ་བ་རྫུན་མ་དང་གཡོ་རྫུས་ཀྱི་ཡི་གེ་བསྐུར་ཏེ་དྲ་ཐོག་དངུལ་ཁང་དང་། ཚོང་དོན་ཨང་གྲངས། གསང་གྲངས་སོགས་གསང་ལེན་བྱས་ནས་བཀོལ་མཁན་གྱི་རྒྱུ་ནོར་རྐུ་བའི་ནག་ཉེས་བྱས་སྤྱོད་མང་པོ་བྱེད་བཞིན་ཡོད། དཔེར་ན་བཀོལ་མཁན་ལ་རྩ་འཛུགས་ག་གེ་མོ་ཞིག་གི་དགའ་རྟགས་འབོར་ཆེན་པོ་ཞིག་ཐོབ་ཡོད་པས་བཀོལ་མཁན་གྱིས་ཚོང་རྟགས་ལ་དངུལ་གཏའ་མར་འཇོག་དགོས་ཚུལ་དང་ཡང་ན་དངུལ་ཁང་གི་ཨང་གྲངས་དང་གསང་གྲངས་གཏའ་མར་འཇོག་དགོས་ཚུལ་གང་ལབ་ལབ་བྱེད་པ་ཐམས་ཅད་རྩ་བ་ནས་གཡོ་རྫུ་ཡིན་པས་ལྷག་ཏུ་གཟབ་དགོས།
རྒྱུན་མཐོང་གི་དྲ་ཐོག་གི་གཡོ་སྒྱུས་ལ་རྣམ་པ་མི་འདྲ་བ་འགའ་ཡོད་དེ།
དང་པོ། བཀོལ་མཁན་གྱི་ཧམ་སེམས་ནི་ཉེས་ཅན་གྱིས་གཞན་ལ་སླུ་བྲིད་གཏོང་བའི་ལག་ཆ་གལ་ཆེན་ཞིག་ཏུ་བརྩི།
གཡོ་མཁན་གྱིས་སླུ་བྲིད་རང་བཞིན་ཅན་གྱི་ཡི་གེ་མང་པོ་བཀོལ་མཁན་ལ་བསྐུར་བ་དང་། ཡི་གེར་བཀོལ་མཁན་ལ་བྱ་དགའ་འབོར་ཆེན་ཐོབ་ཚུལ། ཡང་ན་བཀའ་འདྲི་རོགས་སྐྱོར་ཐུབ་ཚུལ། དེ་བཞིན་དངུལ་ཁང་འཛིན་ཤོག་ལ་གནད་དོན་ཉེན་ཁ་ཡོད་ཚུལ་སོགས་དོན་སྣ་ཚོགས་ཁ་གཡར་ནས་བཀོལ་མཁན་གྱིས་ཆེད་བཀོལ་ཀྱི་ཡིག་སྒམ་དུ་དངུལ་ཁང་གི་ཨང་གྲངས་དང་གསང་གྲངས་འཇོག་པ་འམ། ཡང་ན་བཀོལ་མཁན་གྱིས་དྲ་ངོས་ག་གེ་མོ་ཞིག་ཏུ་རུས་མིང་། དངུལ་ཁང་གི་ཨང་གྲངས། གསང་གྲངས། སྡོད་མིའི་ཐོབ་ཐང་ཨང་གྲངས་སོགས་འཇོག་དགོས་ཚུལ་ལ་ཁ་གཡར་ནས་བཀོལ་མཁན་གྱི་རྒྱུ་ནོར་རྐུ་བ་ཡིན། རིགས་འདིའི་མགོ་བསྐོར་ཐེབས་པ་ཐམས་ཅད་གཙོ་བོ་བཀོལ་མཁན་རང་ལ་ཧམ་སེམས་ཆེར་སྐྱེ་བས་འགྲིག་མིན་གྱི་བརྡར་ཤ་གཅོད་པའི་བློ་གྲོས་ཉམས་པས་སྐྱོན་ཡིན།
གཉིས་པ། དངུལ་ཁང་དང་རྐང་དངུལ་དྲ་བ་རྫུན་མ་ལས་ནས་བཀོལ་མཁན་གྱི་ཨང་གྲངས་དང་གསང་གྲངས་བསླུས་ཏེ་རྒྱུ་ནོར་རྐུ་བ།
ཉེས་ཅན་གྱིས་དངུལ་ཁང་གི་དྲ་ངོས་དང་དྲ་ཐོག་གི་རྐང་དངུལ་ཚོང་ཁང་དང་ཆ་འདྲ་བའི་དྲ་གནས་དང་དྲ་ངོས་བཟོས་ནས་བཀོལ་མཁན་གྱི་ཨང་གྲངས་དང་གསང་གྲངས་གཡོ་སླུ་བཏང་རྗེས། དངུལ་ཁང་གི་དྲ་ངོས་དང་དྲ་ཐོག་གི་རྐང་དངུལ་ཚོང་ཁང་ངོ་མ་བརྒྱུད་ནས་དངུལ་ཁང་དང་རྐང་དངུལ་ཚོང་བའི་ཁཱ་ཤོག་རྫུན་བཟོ་བྱས་ཏེ་རྒྱུ་ནོར་གཡོ་རྐུ་བྱེད་པ་ཡིན།
གསུམ་པ། དྲ་ཐོག་གི་ཚོང་དོན་རྫུན་བཟོ་ཐོག་ནས་གཡོ་རྐུ་བྱེད་པ།
ཉེས་ཅན་གྱིས་ཐོག་མར་ཚོང་དོན་སྐོར་གྱི་དྲ་གནས་རྫུན་བཟོ་བྱེད་པའམ། ཡང་ན་གྲགས་ཆེ་བའི་ཚོང་དོན་དྲ་ངོས་སུ་དངོས་རྫས་ཉོ་ཚོང་གི་གནས་ཚུལ་རྫུན་མ་སྤེལ་བ་དང་། ཉོ་མཁན་གྱིས་བསྐུར་བའི་སྒོར་མོ་འབྱོར་རྗེས་གར་སོང་མི་ཤེས་པར་གྱུར་བ་ཡིན།
བཞི་བ། ཁྲོ་ཅང་ཤིང་རྟ་(Trojan horse)དང་ནག་མིའི་ལག་རྩལ་གྱིས་བཀོལ་མཁན་གྱི་ཨང་གྲངས་སོགས་བརྐུས་ནས་ནག་ཉེས་ཀྱི་ལས་སྤེལ་བ།
ཁྲོ་ཅང་ཤིང་རྟ་ཉེན་དུག་བཟོ་མཁན་གྱིས་ཡིག་སྒམ་དང་དྲ་ངོས་སུ་ཁྲོ་ཅང་ཤིང་རྟ་སྦས་ནས་ཁྲོ་ཅང་ཤིང་རྟའི་མ་ལག་ཁྱབ་སྤེལ་བྱེད་པ་དང་། དུག་འགོས་ཟིན་པའི་བཀོལ་མཁན་གྱིས་དྲ་ཐོག་ནས་ཉོ་ཚོང་བྱེད་སྐབས་ཁྲོ་ཅང་ཤིང་རྟས་ཕབ་གཞུང་གིས་ཡི་གེ་ཅི་བཏགས་ཐམས་ཅད་ཟིན་བྲིས་སུ་བཏབ་ནས་ནག་མིའི་ཆེད་བཀོལ་གྱི་ཡིག་སྒམ་དུ་བསྐུར་བ་དང་། རིམ་གྱིས་བཀོལ་མཁན་གྱི་རྒྱུ་ནོར་རྐུ་བ་ཡིན། ལྔ་བ། བཀོལ་མཁན་གྱི་ཨང་གྲངས་སོགས་འོལ་ཚོད་བྱེད་པ། གཙོ་བོ་བཀོལ་མཁན་གྱིས་སྐྱེས་སྐར་དང་ཁ་པར་ཨང་གྲངས་སོགས་གསང་གྲངས་སླ་མོ་བཞག་པ་འོལ་ཚོད་ཀྱིས་ཁེད་རྗེས་རྒྱུ་ནོར་གཡོ་རྐུའི་ལས་བྱེད་པ།
བཞི། གསང་མྱུལ་མཉེན་ཆས་འགོག་ཐབས།
གསང་མྱུལ་མཉེན་ཆས་ནི། ཤེས་མེད་ཚོར་མེད་ངང་བཀོལ་མཁན་གྱི་རྩིས་འཁོར་ཏུ་འཛུལ་ནས་བཀོལ་མཁན་གྱི་ཆ་འཕྲིན་སྣ་ཚོགས་བསྡུ་ལེན་བྱེད་པ་དང་། དེ་བཞིན་རྩིས་འཁོར་གྱི་བྱེད་ནུས་གཡོ་བཀོལ། ཡིག་ཆ་རྐུ་བཤུ། ད་དུང་རྩིས་འཁོར་དུ་ནང་འཇུག་བྱས་པའི་མཉེན་ཆས་གཞན་བཀོལ་ནས་བཀོལ་མཁན་གྱི་གསང་བའི་ཡིག་ཆ་འཚོལ་རྐུ་བྱེད་པ་ཡིན།
བསྡོམས་རྩིས་བྱས་པ་ལྟར་ན། ད་ལྟ་གསང་མྱུལ་མཉེན་ཆས་ལ་སྣ་ཁ་ཁྲི་འགའ་ལྷག་ཡོད། སྤྱིར་བཏང་གི་ཁྱད་ཆོས་གཙོ་བོ་ཞིག་ནི་སྤྱི་སྤྱོད་ཡིག་ཆ་དང་ནང་འཇུག་ཆོག་པའི་མཉེན་ཆས་སྣ་ཚོགས་སུ་སྦས་ནས་བཀོལ་མཁན་གྱི་རྩིས་འཁོར་དུ་གསང་འཇུག་དང་། བཀོལ་མཁན་གྱི་དྲ་བ་ཀློག་པར་ལྟ་རྟོག གཞན་ཕབ་གཞུང་ཟིན་བྲིས་སུ་འདེབས་པ། ད་རུང་དུས་ལྟར་བཀོལ་མཁན་རྩིས་འཁོར་གྱི་ཤེལ་ངོས་པར་བརྒྱབ་ནས་ནག་མིར་བསྐུར་བ་ཡིན་པས། གསང་མྱུལ་མཉེན་ཆས་ནི་ཉེས་ཅན་ལག་གི་ནག་ཉེས་བཟོ་བའི་ལག་ཆ་ལྟ་བུ་ཡིན། གལ་ཏེ་གསང་མྱུལ་མཉེན་ཆས་ཤེས་མེད་ཚོར་མེད་ངང་ནང་འཇུག་ཟིན་ན་རྩ་བ་ནས་མེད་པར་བཟོ་ཁག་པོ་ཡོད་པས། བཀོལ་མཁན་གྱིས་གཤམ་གྱི་བྱེད་ཐབས་བརྒྱུད་ནས་སྔོན་འགོག་བྱེད་དགོས།དང་པོ། Internet Explorerདྲ་ངོས་ཀློག་ཆས་བདེ་འཇགས་རིམ་པ་ཅི་ལྟར་མཐོ་ན་གསང་མྱུལ་མཉེན་ཆས་སོགས་འགོག་པའི་ནུས་དེ་བས་མཐོ།

གཉིས་པ། རྩིས་འཁོར་དུ་གསང་མྱུལ་མཉེན་ཆས་འགོག་པའི་རྒྱུན་བཀོལ་དུག་སེལ་མཉེན་ཆས་ནང་འཇུག་བྱས་ཏེ། དུས་ངེས་མེད་དུ་ཉེན་རྟོག་དང་གསང་མྱུལ་མཉེན་ཆས་གཙང་སེལ་གྱིས་ཆོག་མཆན་མེད་པའི་མཉེན་ཆས་གཏན་འགོག་བྱེད་ཐུབ།

གསུམ་པ། རིན་མེད་པར་སྤྱི་སྤྱོད་དུ་ཕུལ་བ་ཆ་རྒྱུས་མེད་པའི་མཉེན་ཆས་ཡིན་ན་ནང་འཇུག་མ་བྱས་གོང་མཉེན་ཆས་ཀུང་སིའི་གཙོ་ངོས་ནས་གནས་ཚུལ་རྒྱུས་ལོན་དང་། ནང་འཇུག་བྱེད་པའི་གོ་རིམ་ཁྲོད་ཀྱི་གན་རྒྱ་ལ་ཞིབ་ལྟ་དགོས་པ་མ་ཟད། ཟུར་དུ་ནང་འཇུག་བྱེད་བཞིན་པའི་མཉེན་ཆས་གཞན་དག་ལ་ཧ་ཅང་གཟབ་ནན་བྱེད་དགོས།
བདུན། ཡིག་ཆའི་སྣོད་སྤྱི་སྤྱོད་དུ་ཕུལ་བར་གཟབ་དགོས།ནང་ཁུལ་གྱི་དྲ་ཐོག་ནས་ཡིག་ཆའི་སྣོད་སྤྱི་སྤྱོད་དུ་ཕུལ་བ་ནི་བདེ་འཇགས་སྐྱོན་མེད་དུ་བསམ་པ་ནི་ནོར་འཁྲུལ་ཅིག་རེད། དེང་དུས་ཀྱི་སྤྱི་ཚོགས་ནང་འགྲན་རྩོད་རང་བཞིན་ཆེ་བ་མ་ཟད། ལས་ཀའི་གོ་རིམ་ཁྲོད་མི་དང་མིའི་བར་གྱི་འབྲེལ་བ་རྙོག་འཛིང་ཆེ་ལ། ལྷག་པར་དུ་ཚོང་དོན་གསང་མྱུལ་བ་མང་པོས་ཡིག་ཆ་རྐུ་བཤུའི་བྱེད་ཐབས་སྣ་ཚོགས་སྤེལ་གྱིན་པས། བཀོལ་མཁན་གྱི་ཡིག་ཆའི་བདེ་འཇགས་ལ་གནོད་པ་ཚབས་ཆེན་བསྐྱལ་འོངས། དེ་བས་ཅིས་ཀྱང་ཡིག་ཆའི་སྣོད་སྤྱི་སྤྱོད་དུ་ཕུལ་དགོས་ཚེ་གསང་གྲངས་འཇོག་པ་དང་གང་མགྱོགས་ཀྱིས་སྒོ་རྒྱག་དགོས། ད་དུང་སྤྱི་སྤྱོད་དུ་ཕུལ་འགྱུར་གྱི་ཡིག་ཆའི་སྣོད་རྐྱང་ཀློག་བྱེད་ནུས་བདམས་ཚེ་གཞན་གྱིས་གང་འདོད་དུ་བཅོས་བསུབ་བྱ་མི་ཐུབ། སྲ་ལྡེར་གཙོ་ཕལ་གང་རུང་ཧྲིལ་བོ་སྤྱི་སྤྱོད་དུ་ཕུལ་བ་གཏན་དུ་ནས་བྱ་མི་རུང་།

ད་ལྟའི་ལག་འཁྱེར་རྩིས་འཁོར་མང་ཆེ་བར་སྐུད་མེད་དྲ་རྒྱའི་བྱེད་ནུས་ལྡན་པས། རྒྱུན་པར་བྱེད་ནུས་དེ་བཀོལ་མི་དགོས་ཚེ་སྒོ་རྒྱག་པ་དང་། གལ་ཏེ་བཀོལ་སྤྱོད་བྱེད་སྐབས་ཡིག་ཆའི་སྣོད། ཡིག་ཆ། དཔར་ཆས་སྤྱི་སྤྱོད་བྱེད་ནུས་སྒོ་རྒྱག་དགོས་པ་དང་། གསང་གྲངས་འཇོག་དགོས།

བརྒྱད། གཞན་དག ཉེན་དུག་དང་ཁྲོ་ཅང་ཤིང་རྟ། གསང་མྱུལ་མཉེན་ཆས་མང་ཆེ་བ་ནག་མིའི་དྲ་གནས་དང་ཆགས་སྲེད་ཀྱི་དྲ་གནས་བརྒྱུད་ཁྱབ་སྤེལ་གཏོང་བ་ཡིན་པས་དྲ་གནས་འདི་དག་ཀློག་པར་གཟབ་ནན་བྱེད་དགོས། རྩིས་འཁོར་གྱི་མ་ལག་དང་རྒྱུན་བཀོལ་མཉེན་ཆས་གནོད་པ་ཅི་ཐེབས་ཀྱང་གསར་དུ་ནང་འཇུག་བྱས་ཆོག གལ་ཆེའི་ཡིག་ཆ་དག་བཀོལ་མཁན་རང་གིས་ཟུར་ཉར་བྱས་ནས་བདེ་འཇགས་ལ་ཁག་ཐུབ་བྱེད་དགོས། མི་མང་པོ་ཞིག་ལ་ཅོག་ངོས་དང་སྲ་ལྡེར་གཙོ་བོ། བདག་གི་ཡིག་ཚགས་སྣོད་དུ་ཡིག་ཆ་ཉར་ཚགས་བྱེད་གོམས་དུ་སོང་ཡོད། རྩིས་འཁོར་གྱི་མ་ལག་གནོད་པ་ཐེབས་ཚེ་ཡིག་ཆ་དེ་དག་སླར་གསོ་བྱེད་ཐབས་ཁག་ལ། ཅིས་ཀྱང་མཁོ་གལ་ཆེ་བ་སླར་གསོ་དགོས་ཚེ་ཆེད་ལས་ལག་རྩལ་པར་རིན་གོང་མཐོན་པོ་སྤྲད་ནས་སླར་གསོ་ཐུབ་སྲིད་སྙམ། དེ་བས་ཡིག་ཆ་ཅི་ཡིན་ཡང་སྲ་ལྡེར་ཕལ་བའམ་ལག་འཁྱེར་སྲ་ལྡེར་དུ་ཟུར་ཉར་བྱེད་པའི་གོམས་གཤིས་བཟང་པོ་ཞིག་དགོས།