མཚོ་སྔོན་གྱིས་སྨན་བཅོས་རོགས་སྐྱོབ་རོགས་སྐྱོར་གནད་འཁེལ་སྤེལ་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ10པའི་ཚེས18ཉིན་ཞིང་ཆེན་དམངས་སྲིད་ཐིང་གིས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མཉམ་འབྲེལ་ཐོག་ཆ་འཕྲིན་ཤེས་རྟོགས་དང་། རིམ་དབྱེ་བརྒྱུད་སྐྱེལ། ཞིབ་བཤེར་འགན་ལེན་བཅས་ཀྱི་ཁ་ཟུམ་ལས་དོན་མ་ལག་ཆེན་པོ་གསུམ་བཙུགས་ནས་སྨན་བཅོས་སྒྲིག་གཞིའི་མདུན་སྣེ་འཚོལ་ཞིབ་དང་དམངས་སྲིད་སྡེ་ཚན་གྱི་མདུན་སྣེ་རོགས་སྐྱོབ་ཀྱི་མཉམ་འགུལ་བགྲོད་ལམ་གཏོད་དེ་སྨན་བཅོས་རོགས་སྐྱོབ་དེ“མང་ཚོགས་ཀྱིས་རེ་ཞུ་བྱེད་པ་དང་གཞན་དབང་གིས་བདག་སྤྲོད་བྱེད་པ”ནས“རང་འགུལ་ངང་འཚོལ་ཞིབ་དང་གནད་ལ་འཁེལ་བའི་ཤེས་རྟོགས”སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ནས་སྨན་བཅོས་རོགས་སྐྱོབ་ཀྱི་གཞི་རྩའི་འགན་སྲུང་དྲ་བ་ཕྱོགས་ཡོངས་ནས་ཚགས་དམ་པོར་བཏང་།  

མཚོ་སྔོན་གྱིས་རིམ་ཁག་སྨན་བཅོས་སྒྲིག་གཞིས་རང་འགུལ་ངང་འགན་འཁྲི་འཚོལ་ཞིབ་དང་འཕྲལ་བཅོས་མྱུར་སྐྱོབ་དང་། ནད་གཞི་ཚབས་ཆེན། བསམ་ཡུལ་ལས་འདས་པའི་གནོད་འཚེ། ཡུན་རིང་གི་དལ་བའི་རང་བཞིན་གྱི་ནད་སྨན་བཅོས་སོགས་རང་འཁུར་གྱི་འགྲོ་གྲོན་མཐོ་པོ་བཏང་ནས་སྨན་བཅོས་བྱེད་པའི་ཚོགས་སྤྱིར་དམིགས་ཏེ་རྒྱུན་རྣམ་ཅན་དུ་འཚོ་བར་“ཨང་བཤེར་སྙན་ཞུ་དང་ཐོ་འགོད་སྙན་ཞུའི”ཐིག་གཉིས་རྣམ་པ་ཁྱབ་གདལ་བཏང་ནས་དམངས་སྲིད་སྡེ་ཚན་གྱིས་དྲིལ་བསྒྲགས་དཔྱད་གཞི་དང་། རྩ་གཉིས་ཨང་གི་རྒྱ་ཁྱབ་བརྡ་རྒྱུ། ཆ་འཕྲིན་ཐོ་འགོད་རེའུ་མིག་བཅས་གཅིག་གྱུར་ཐོག་བཟོས་པ་དང་། སྨན་བཅོས་སྒྲིག་གཞིས་སྒོ་བསྟེན་སྨན་བཅོས་དང་། སྨན་ཁང་དུ་སྡོད་པུའུ། འཕྲལ་བཅོས་སོགས་གཙོ་གནད་ས་ཁོངས་སུ་རྒྱུན་རྣམ་ཅན་གྱི་སྤྱི་བསྒྲགས་སྦྱར་ནས་ནད་པར་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་རོགས་སྐྱོབ་སྤྱི་པའི་ཞབས་ཞུའི་རྩ་གཉིས་ཨང་བཤེར་བརྒྱུད་རང་བརྟེན་ཡིག་ཐོག་སྙན་སེང་ཞུ་དགོས། དྲ་ཐོག་བཀོལ་སྤྱོད་ལ་རྒྱུས་མངའ་མེད་པའི་མང་ཚོགས་ལ་སྨན་བཅོས་སྣེ་ཁྲིད་མི་སྣས་ས་གནས་ས་ཐོག་ཏུ་ཆ་འཕྲིན་སྙན་ཞུ་དང་ཐོ་འགོད་བྱ་རྒྱུར་མཛུབ་ཁྲིད་བྱས་རྗེས་དམངས་སྲིད་སྡེ་ཚན་ལ་སྙན་སེང་ཞུ་དགོས།

ཞིང་ཆེན་རིམ་པའི་སྤྱི་ཚོགས་རོགས་སྐྱོབ་ཆ་འཕྲིན་ལས་སྟེགས་ལ་བརྟེན་ནས་རོགས་སྐྱོབ་ཆ་འཕྲིན་གཅིག་གྱུར་བསྡུ་རུབ་དང་རིགས་དབྱེ་ཁག་བགོས་མངོན་འགྱུར་བྱས་ནས། ས་གནས་དེའི་ཐེམ་ཐོ་དང་དེ་བཞིན་རྒྱུན་སྡོད་མི་སྣའི་རོགས་སྐྱོབ་ཆ་འཕྲིན་ཁོངས་གཏོགས་ས་གནས་ཀྱི་དམངས་སྲིད་སྡེ་ཚན་གྱིས་ཐད་ཀར་ཞིབ་བཤེར་བྱེད་དགོས། ཕྱི་ཕྱོགས་ནས་སྨན་བཅོས་བྱེད་པར་ཡོང་བའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཆ་འཕྲིན་བསྡུ་ལེན་བྱ་ཡུལ་གྱི་དམངས་སྲིད་སྡེ་ཚན་གྱིས་ལས་ཀའི་ཉིན་གྲངས་གསུམ་ནང་ས་ཁོངས་ལས་བརྒལ་ནས་བརྒྱུད་སྤྲོད་དང་སྐུལ་འདེད་གཏོང་རྒྱུ་ལེགས་སྒྲུབ་བྱས་ཏེ་སྨན་བཅོས་བྱ་ཡུལ་གྱི་དམངས་སྲིད་སྡེ་ཚན་གྱིས་ ཞིང་ཆེན་དང་། གྲོང་ཁྱེར(ཁུལ)རྫོང་(གྲོང་ཁྱེར། ཆུས། སྲིད་འཛིན་ཨུ་ལྷན)བཅས་རིམ་པ་གསུམ་གྱི་སྨན་བཅོས་སྒྲིག་གཞིས་ཆ་འཕྲིན་སྙན་སེང་ཞུ་བའི་དུས་བཀག་དང་བརྒྱུད་རིམ་ཁ་གསལ་བཟོས་ནས་རིམ་ཁག་སྨན་བཅོས་སྒྲིག་གཞིས་ཆ་འཕྲིན་སྙན་སེང་ཞུ་བའི་ལས་ཀའི་ཉིན་གྲངས་3ནང་ཚུན་རིམ་པ་དབྱེ་ནས་སྙན་སེང་ཞུ་བ་དང་ཕྱོགས་བསྡུས་བརྒྱུད་བཤུག་བྱ་རྒྱུ་རེད།   

རྫོང་རིམ་པའི་དམངས་སྲིད་སྡེ་ཚན་ལ་རོགས་སྐྱོབ་ཁུངས་སྣེ་འབྱོར་རྗེས་ལས་ཀའི་ཉིན་གྲངས་2ནང་དུད་ཚང་དུ་བསྐྱོད་ནས་ཞིབ་བཤེར་དང་དེ་བཞིན་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་བྱས་ཏེ། ནད་པའི་ཁྱིམ་ཚང་གི་དཀའ་ངལ་གནད་ལ་འཁེལ་བའི་ངང་དབྱེ་འབྱེད་བྱས་པ་རེད། མ་མཐའི་འཚོ་བའི་འགན་སྲུང་་དང་། དམིགས་བསལ་དཀའ་ངལ་འཚོ་བ། མ་མཐའི་འཚོ་བའི་འགན་ལེན་གྱི་མཐའ་མཚམས་ཁྱིམ་ཚང་། འགྱུར་མེད་གཏོང་སྒོའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་དང་དེ་བཞིན་གནས་སྐབས་རོགས་སྐྱོབ་ཆ་རྐྱེན་དང་མཐུན་པའི་ཁ་གཏད་ལ་རིགས་དབྱེ་ནས་ཁ་གཏད་རོགས་སྐྱོབ་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་རོགས་སྐྱོར་མ་དངུལ་དུས་ཐོག་ཏུ་ལག་ལེན་བསྟར་བ། གནས་སྐབས་རོགས་སྐྱོབ་ཀྱི་ཆ་རྐྱེན་དང་མི་མཐུན་པའི་མང་ཚོགས་ལ་སྲིད་ཇུས་འགྲེལ་བཤད་ཞིབ་ཚགས་བྱེད་པ་དང་ལས་ཀའི་རྩིས་ཐོ་ཉར་ཚགས་བྱེད་པ་དང་། འཚོ་བའི་དཀའ་ངལ་གྱི་དགོས་མཁོར་དམིགས་ནས་རོགས་སྐྱོར་དང་ངོ་སྤྲོད་ཀྱི་ཞབས་ཞུ་སྤེལ་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རེ་འདུན་རེ་རེ་ལ་ལན་འདེབས་ཐུབ་པའི་འགན་ལེན་བྱེད་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།