[དཔལ་འབྱོར་དམིགས་གླེང་།]མཚོ་ལེགས721སྟེ། མཐོ་སྒང་དུ་རེ་ཞིང་སྒུག་པའི་གྲོ་སྣ་ཞིག

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

འདས་པའི་ལོ་མང་པོར་མཚོ་སྔོན་གྱི་གྲོ་ཡི་སོན་སྣ་ཡིས་ནད་འགོག་དང་སྤུས་ཚད་གཉིས་ཀའི་ནུས་པ་ཆ་སྙོམས་སུ་ཐོན་ཐུབ་ཀྱིན་མེད། ཡིན་ན་ཡང་ད་ལོའི་དབྱར་ཁར་མིང་ལ“མཚོ་ལེགས721”(青优721)ཟེར་བའི་གྲོ་སྣ་དེར་གཉིས་ཀ་འཛོམས་པ་སྟེ། གྲོ་སྙེ་བཙའ་ནད་དང་། བཙའ་དཀར་ཐོན་ནད། ལོ་མའི་བཙའ་སྐྱོན་སོགས་འགོག་ཐུབ་ཅིང་། ཕྱེ་སྤུས་འབྲིང་ཤོས་སུ་གཏོགས་པ་དང་། ཕྱེ་རྫི་དུས་ག་འདྲ་སྣོལ་ཡང་ཆུ་ཚོད་སྐར་མ8.5ལ་ནར་ཚད་གཏན་འཇགས་ཐུབ་པ། ཕྱེ་འཐེན་ཚད་ཀྱི་འགོག་ཤུགས་ཆེ་ཤོས728EU(Extensograph Unitཡི་བསྡུ་འབྲི་ཡིན། རྒྱལ་སྤྱིའི་སྟེང་ཚད་ལེན་གཏན་འཁེལ་བྱས་པའི་ཕྱེ་ཡི་རྒྱུ་སྤུས་ཐད་རྣམ་ཀུན་སྤྱོད་པའི་འཇལ་ཚད་ཞིག་རེད།)ཡིན་པས། འཐེན་ཐུག་བཟོ་བར་ཧ་ཅང་འཚམ།   

གྲོ་སྣ་དེ་ནི་མཚོ་སྔོན་ཞིང་ཆེན་གྱི་འཐེན་ཐུག་གསོལ་ཁང་གིས་རེ་སྒུག་བྱས་ནས་ཡུན་རིང་འགོར་ཡོད།   གྲོ་སྣ་དེ་ཐོན་པ་ནི་ལེའུ་ཆུང་ཆུང་ཙམ་ཏེ། དེའི་རྒྱབ་ལོགས་སུ་མཚོ་སྔོན་གྱིས་རང་བྱུང་གི་ཆ་རྐྱེན་བཀོལ་སྤྱོད་ཇི་ལྟར་བྱས་ཚུལ་དང་།  འཇོན་ལྡན་མི་སྣ་ཇི་ལྟར་ནང་འདྲེན་བྱས་ཚུལ། རྒྱལ་ཡོངས་ཀྱི་གྲོ་སྙེ་བཙའ་ནད་འགོག་བཅོས་ཐུབ་པའི་མགོ་ཁུངས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ཚུལ་བརྗོད་ཡོད།

ཁང་ཀྲེན་ཧྲེན་ཡོན་ཧྲི(གཡོན་གྱི་བཞི་བ)ཡིས་ཞིང་ཚིགས་བར་གྲོའི་སྐྱེ་འགང་ལ་ལྟ་བཞིན་པ། 

མཚོ་སྔོན་གྱི་འཐེན་ཐུག་གིས་གྲོ་སྣ་འདི་ལ་སྒུག་ནས་ཡོད།
  མཚོ་སྔོན་གྱི་མི་རྣམས་ཕྱེ་ཐུག་འཐུང་རྒྱུར་དགའ་བོ་ཡོད་ལ། དེ་ལས་ཀྱང་འཐེན་ཐུག་ལ་ལྷག་ཏུ་དགའ།   ད་ལོའི་ཟླ2པའི་ཟླ་མཇུག་བར་དུ། མཚོ་སྔོན་གྱི་འཐེན་ཐུག་གསོལ་ཁང་དེ་རྒྱལ་ཡོངས་ཀྱི་གྲོང་ཁྱེར330ལྷག་ཏུ་ཕྱེས་ཡོད་ཅིང་།  གསོལ་ཁང་ཁྲི3.1དང་།  ལས་གཉེར་བ་ཁྲི20ལྷག་ལ་བསླེབས།  ལོ་རེའི་ཡོང་འབབ་སྒོར་དུང་ཕྱུར240ལྷག་རག་ཐུབ་ཀྱི་ཡོད། གཞན་ད་དུང་ཕྱིའི་རྒྱལ་ཁབ39ན་གསོལ་ཁང108ཕྱེས་ཡོད་པས། ཐོན་ལས་དེས་ཞིང་འབྲོག་མང་ཚོགས་ས་ཡ་ལ་ཉེ་བ་ལས་ཞུགས་སུ་ཁྲིད་དེ་འབབ་འཕར་ལ་སྐུལ་བཞིན་ཡོད་མོད།  དེ་འདྲའི་འཐེན་ཐུག་གསོལ་ཁང་མང་པོས་སྤྱོད་བྱའི་ཕྱེ་ཡི་ཡོང་ཁུངས་ཤེས་མཁན་ཧ་ཅང་ཉུང་།  སྔོན་ཆད་མང་ཤོས་ས་གནས་གཞན་ནས་ཚུར་ཉོ་དགོས་པ་དང་། ལྷག་པར་དུ་ཕྱེ་སྣ་ལེགས་ཤོས་དེ་ཤིན་ཅིང་ནས་ཉོ་དགོས།

མཚོ་སྔོན་བས་གྲོ་མི་འདེབས་པ་མ་ཡིན་པར་བཏབས་པའི་གྲོ་དེ་འདྲའི་ནར་མ་མིན།  ས་གནས་རང་གི་གྲོ་སྣ“ཨ་པོ”ནི་ཕྱེ་སྤུས་འབྲིང་ཤོས་ནང་གི་ཅུང་ཞན་ཤོས་སུ་གཏོགས་པས་གོ་རེ་སྲེག་ན་ཆོག་མོད།  འཐེན་ཐུག་འཐེན་ན་ཆད་སླ་བ་ཡིན། དེ་བས་ཕྱེ་ལེགས་ཤོས་དེ་ལེ་དབར་སྟོང་ཕྲག་ལྷག་གི་མཚམས་ནས་དབོར་དགོས་པར་མ་ཟད།  འགྲོ་གྲོན་ཁོ་ནར་མ་དངུལ་མང་པོ་གཏང་དགོས།  སྨྱན་སྦྱོར་ལ་ལས་ཁ་སྐྱེངས་པའི་གནས་ཚུལ་འདི་འདྲ་བསྒྲགས་མྱོང་ཡོད་དེ།  མཚོ་སྔོན་གྱི་འཐེན་ཐུག་རྒྱལ་ཡོངས་ན་མིང་ཆེ་ཡང་།  འཐེན་ཐུག་གསོལ་ཁང་གིས་ནམ་ཡིན་ཡང་ས་གནས་གཞན་གྱི་ཕྱེ་བཀོལ་གྱིན་ཡོད་ཅེས་བསྒྲགས་པ་དང་མཉམ་དུ། “ས་གནས་གཞན་གྱི་ཕྱེ”ཞེས་པའི་ཡིག་འབྲུ་དེ་དག་མདའ་མོ་བཞིན་མཚོ་སྔོན་གྱི་སོན་ལས་པའི་སེམས་ལ་ཕོག་ཏེ།  སོན་གསོ་བྱེད་མཁན་ལ་འཚུབ་ཆ་ལངས། ཡིན་ན་ཡང་མཚོ་སྔོན་གྱི་མཁའ་དབུགས་འདི་ལྟ་བུའི་འོག འཚུབ་ཆ་ཙམ་གྱིས་གོ་མི་ཆོད་དེ།  ལོ་གཅིག་ལ་དུས་ཚིགས་གཅིག་གི་ནང་མ་གཏོགས་འདེབས་པའི་གོ་སྐབས་མེད་ལ།  སོན་སྣ་གཅིག་རྒྱུད་འདྲེས་ནས་དཔྱད་ཞིབ་གཏན་འཁེལ་བར་དུ་མ་མཐའ་ཡང་ལོ་བརྒྱད་ནས་བཅུ་གཉིས་དགོས།

2021ལོའི་དབྱར་ཁར་གོ་སྐབས་བཟང་བོ་འདི་དང་འཕྲད། “ཆུ་གསུམ་མགོ་ཁུངས་སུ་བློ་རིག་ཀུན་ཏུ་འདུས། མཚོ་སྔོན་གསར་པ་ལ་རོགས་རམ་ནུས་རྒུ་འདོན”ཞེས་པའི་འཇོན་མིའི་ལས་གཞི་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་གཉིས་པའི་སྟེང་དུ།  མཚོ་སྔོན་སློབ་ཆེན་གྱིས“དཔུང་སྡེ་ནང་འདྲེན་བྱས་ཏེ། ས་གནས་རང་གི་དཔུང་སྡེ་སྐྱེད་སྲིང་བྱེད”ཐབས་ལ་བརྟེན་ནས་ནུབ་བྱང་ཞིང་ནགས་ལས་ཚན་རྩལ་སློབ་ཆེན་གྱི་ཁང་ཀྲེན་ཧྲེན་ཡོན་ཧྲིའི་དཔུང་སྡེ་གདན་ཞུས་ཤིང་།  ཕྱོགས་གཉིས་ཀྱིས་ལོ་དྲུག་ནས་བརྒྱད་ཀྱི་དུས་ཚོད་ནང་དུ་མཉམ་འབྲེལ་ཐོག་འགག་སྒོ་གཏོར་དགོས་པའི་ཁ་ཆད་བཞག  ཕྱིས་མཚོ་སྔོན་སློབ་ཆེན་ཞིང་ནགས་ལས་ཚན་རིག་སློབ་གླིང་དང་། ནུབ་བྱང་ཞིང་ནགས་ལས་ཚན་རྩལ་སློབ་ཆེན། མཚོ་སྔོན་ཞིང་ཆེན་ཞིང་ལས་ས་བོན་ས་ཚིགས། ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་བཅས་ལས་ཁུངས་དུ་མ་གཅིག་ཏུ་འཛོམས་ཏེ།  “གྲོ་ཡི་ནད་འགོག་ནུས་པ་ཆེ་ལ་ཐོན་འབོར་མང་པོའི་ཇུས་འགོད་སོན་གསོ”དཔུང་སྡེ་སྒྲིག་འཛུགས་བྱས།  དཔུང་སྡེ་དེ་ལོ་དེར་མཚོ་སྔོན་ཞིང་ཆེན་གྱི“ཁུ་ནུའི་འཇོན་ལྡན་པའི”རྩེ་རིམ་གསར་གཏོར་ལས་གཏོད་མི་སྣ་ནང་འདྲེན་དཔུང་སྡེ་ཁྲོད་བདམས་མྱོང་ལ།  ཡོན་ཧྲི་དཔུང་སྡེ་ཡི་རུ་གཙོ་ལ་བསྐོས་པ་དང་།  ས་གནས་རང་གི་ཚན་ཞིབ་པས་དེའི་རྗེས་འབྲངས་ནས་ལས་ཀ་བསྒྲུབས།

དཔུང་སྡེ་དེའི་ནང་དུ།  རྒྱུད་རྒྱུ་དུ་མ་གཅིག་འདུས་ཀྱི་འགག་སྒོ་ཆེད་གཏོར་མཁན་དགེ་རྒན་ཆེན་མོ་ཧན་ཏེ་ཅུན་དང་།  ནད་འགོག་ཧྲག་འདེམ་གྱི་འགན་ཁུར་མཁན་ཞིབ་འཇུག་པ་ཡའོ་ཆིང་།  སོན་སྣ་མྱུར་གསོ་བྱེད་མཁན་ཞིབ་འཇུག་པ་ཝང་ཧའེ་ཆིང་། དེ་མིན་སོན་སྣ་གསར་པ་ངོམ་སྟོན་བཀོད་སྒྲིག་བྱེད་མཁན་ཞིབ་འཇུག་པ་ཀྲང་ཡིག་ལིའང་བཅས་རྐང་འཛིན་ཞིབ་འཇུག་པ15ཡི་ཁྲོད་དུ12ལ་འབུམ་རམས་པའི་ཡོན་གནས་ཡོད། རྟེན་གཞི་དེ་མཚོ་སྔོན་ཞིང་ཆེན་སོན་ལས་ཚན་རྩལ་གསར་གཏོད་གླིང་ན་ཡོད་ཅིང་། སོན་སྣ་གསོ་སྤེལ་དང་།  དབྱེ་འབྱེད་གཏན་འབེབས། ཚོད་ལྟ་ཞིང་ས་གཅིག་ནས་གཅིག་ལ་སྦྲེལ་བ་ངོམ་སོ་བྱས་ཡོད་པ་སོགས་གྲལ་དག་པོར་བསྟར་ནས་འདུག

 མི་མང་འདུས་ན། ལམ་ཞེང་བསྐྱེད་ཐུབ། དཔུང་སྡེས་སོན་བཟང་ཁྲི་ཡན་གྱི་ཐོན་ཁུངས་ནང་འདྲེན་བྱས་ཏེ། ཆ་རྡུལ་ཇུས་འགོད་ཀྱི་སོན་སྣ་གསོ་སྤེལ་དང་། མཚན་རྐྱང་ཟུང་གི་སོན་སྣ་གསོ་སྤེལ་ལྟ་བུའི“མགྱོགས་གཏོང་འཕྲུལ་ཆས”ལྟ་བུའི་ཐབས་རིགས་སྤྱད་ཅིང་། ཆ་རྡུལ་ཇུས་འགོད་ལ་བརྟེན་ནས་མགྱོགས་པོར་གསོ་སྤེལ་ཐུབ་པའི་ལག་རྩལ་མ་ལག་བཙུགས། ལོ་དུ་མར་བརྒྱུད་གྲོ་སྣ་གསར་པ་རིགས་བཞི་དཔྱད་ཞིབ་གཏན་འཁེལ་གྱི་གོ་རིམ་ནང་བཅུག་ལ། དེ་ལས“མཚོ་ལེགས721”སྔོན་ལ་ལེགས་འགྲུབ་བྱུང་། ད་ལོའི་དབྱར་ཁར། སོན་སྣ་དེ་དཔྱད་ཞིབ་གཏན་འབེབས་ཀྱི་གོ་རིམ་ཡོངས་སུ་བརྒྱུད་ཚར་ནས་མཚོ་སྔོན་ཞིང་ཆེན་དུ་གདབ་པར་འཚམ་པའི་འཐེན་ཐུག་ཐོན་ལས་ཀྱི་གྲོ་སྣ་དང་པོར་ཆགས།

མཚོ་སྔོན་སློབ་ཆེན་ཞིང་ནགས་ཚན་རྩལ་སློབ་གླིང་གི་ཞིབ་འཇུག་པ་ཡའོ་ཆིང་གིས་འོས་སྦྱོར་ལྟ་སྦྱོང་ཚོགས་འདུའི་སྟེང་རྩིས་འདི་འདྲ་ཞིག་བརྒྱབ་མྱོང་བ་སྟེ། སོན་སྣ་འདིས་གྲོ་སྙེ་བཙའ་ནད་དང་། བཙའ་དཀར་ཐོན་ནད། ལོ་མའི་བཙའ་སྐྱོན་སོགས་འགོག་ཐུབ་པས། ནད་འགོག་གི་ནུས་པ་ཆེ་ཞིང་ཞིང་སྨན་ཡང་མང་པོ་རྒྱག་མི་དགོས་པ་དང་། ཕྱེ་ནར་མ་སྤུས་ལེགས་པས་འཐེན་ཐུག་གསོལ་ཁང་གིས་གྲོ་ཕྱེ་ས་གཞན་ནས་ནང་འདྲེན་བྱེད་མི་དགོས། དེ་མ་ཟད་གྲོ་ཡི་ཐོན་འབོར་ཆེ་བ་སྟེ།  ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཐིན་ཅཱ་སྡེ་བའི་ཆུ་མར་ཚོད་ལྟའི་ཚུལ་དུ་བཏབས་པའི་ས་མུའུ་ལས་རྒྱ་མ1200ཐོན་པ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ཐེ་ཀེ་ཡུལ་ཚོའི་ཆུ་མར་བཏབས་པའི་ས་མུའུ་ལས་རྒྱ་མ1250ཐོན། མཚོ་ཤར་གྲོང་ཁྱེར་ལུང་མདོ་ཆུས་ཀའོ་ཏིན་གྲོང་རྡལ་དུ་བཏབས་པའི་ས་མུའུ་ལས་རྒྱ་མ1110ཐོན། རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་སུའུ་པེ་ཡུལ་ཚོའི་རི་མར་བཏབས་པའི་ས་མུའུ་ལས་རྒྱ་མ880ཐོན། ཁོས་བཤད་པར་ལྟར་གྲོ་ནད་འགོག་ཐུབ་ལ། ཕྱེ་ནར་མ་སྤུས་ལེགས་པ། ཐོན་འབོར་མང་པོའི་གྲོ་སྣ་ཞིག་ཡིན་ཚེ། ཞིང་པས་དགའ་བསུ་ཐོབ་མིན་ལ་སེམས་ཁུར་བྱེད་མི་དགོས་ཟེར། 

གྲོ་སྣ་ལེགས་ཤོས་མཁོ་བ་ནི་མཚོ་སྔོན་གཅིག་པུ་མ་ཡིན། ད་ལོའི་ཟླ7པར། ཅང་སུའུ་ཞིང་ཆེན་དབྱང་ཀྲོའུ་གྲོང་ཁྱེར་གྱི་ཞིང་ལས་ཚན་རྩལ་ཁང་ཞིག་གིས་བདམས་པའི“དབྱང་གྲོ”ཡི་གྲོ་སྣ་དྲུག་མཚོ་སྔོན་དུ་ཚོད་ལྟའི་ཚུལ་དུ་བཏབས་ལ། ཚུལ་དེར་མི་ལ་ལས་སྦ་གསང་མེད་པར། གྲོ་སྣ་སྤུས་ལེགས་ཤིང་ཕྱེ་ནར་མ་ཆད་རྒྱུ་མེད་པ། ཐོན་འབོར་ཡང་ལེགས་པ་ཞིག་ཡོད་ཚེ། བསམ་བཞིན་ཁྱབ་གདལ་མ་བཏང་ཡང་མང་ཚོགས་ཀྱིས་འཕྲོག་རེས་རྒྱག་ངེས་ཟེར། ད་ལོའི་ཟླ3པར་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་གྱིས་སྐམས་ཤའི་འཐེན་ཐུག་ཆེད་སྤྱོད་གྲོ་སྣ་ཞིག་གསོ་སྤེལ་བྱ་ཆེད། སྟབས་གཅིག་ཏུ་ཕྱེ་སྤུས་ལེགས་ཤོས་ཅན་གྱི་གྲོ་སྣ30ལྷག་ནང་འདྲེན་བྱས་ནས་འདེམ་གསེས་ཚོད་ལྟ་བྱས་པ་སོགས་འཐེན་ཐུག་དཀར་ཡོལ་གང་གིས་རྒྱལ་ཡོངས་ཀྱི་སོན་སྣ་གསོ་མཁན་གྱི་མིག་མདངས་མཐོ་སྒང་གི་ཕྱོགས་ལ་འགུག་བཞིན་ཡོད་དོ། །

ཞིང་བར་དུ་གྲོ་མྱུག་བསྡུ་བ། 

མཚོ་སྔོན་གྱི་གྲོ་ཞིང་གིས་སྣེ་ཁྲིད་པ་ནི་རྒྱལ་ཡོངས་ཀྱི་གྲོ་སྣ་ཡིན། 

སོན་སྣ་གསོ་སྤེལ་བྱེད་མཁན་གྱི་འདོད་པ་ནི་ཕྱེ་ཐུག་དཀར་ཡོལ་གང་ཙམ་མ་ཡིན། གྲོ་སྙེ་བཙའ་ནད་ལ“གྲོ་ཡི་སྐྲན་ནད”ཡང་ཟེར།  དེ་ནི་རླུང་རྒྱུན་ལ་བརྟེན་ནས་འགོ་བ་ཞིག་ཡིན། གལ་ཏེ་ཞིང་ས་གཅིག་ལ་ནད་དེ་ཐོན་ཚེ།  ནད་སྲིན་གྱི་ཐུམ་རྡུལ་རླུང་གིས་སྨི་སྟོང་ཡན་ལ་བསྐྱོད་དེ། རྒྱལ་ཡོངས་ཀྱི་གྲོ་ཡི་ཐོན་སྐྱེད་བདེ་འཇགས་ལ་ཉེན་ཁ་སྤྲད་ཀྱི་ཡོད།  ཀྲུང་གོ་གསར་པ་དབུ་བརྙེས་ནས་བཟུང་། རང་རྒྱལ་དུ་གྲོ་སྙེ་བཙའ་ནད་དེ་རྒྱལ་ཡོངས་སུ་འགོས་ཁྱབ་ཐེངས་དུ་མར་བྱུང་སྟེ། འབྲུ་རིགས་ལ་གནོད་པ་ཚབས་ཆེན་བཟོས་མྱོང་། གནོད་འབུ་འགོག་ཟོན་དང་ཚོད་འཛིན་བྱས་ཏེ། འབྲུ་རིགས་ལོ་ལེགས་འཕེལ་བར་འགན་སྲུང་གི་ལས་ཀ་གལ་ཆེན་ལེགས་པོར་བསྒྲུབ་དགོས་ལ། དེ་ནི་འབྲུ་རིགས་བདེ་འཇགས་ཀྱི་མ་མཐའི་ཚད་ཐིག་བརྟན་པོར་སྲུང་བའི་ལས་གལ་ཆེན་ནང་གི་འགངས་ཆེན་ཡིན། དེ་ཕྱིར་སྔ་མོ་ནས་ལྟ་ཞིབ་ཚད་ལེན་དང་། སྔ་མོ་ནས་སྔོན་བརྡ་དང་སྔོན་འགོག སྔ་མོ་ནས་འགོག་བཅོས་བྱས་ཏེ། གྲོ་ཡི་ཐོན་སྐྱེད་ཕྱོགས་ཀྱི“ནད་འགོག་འགག་སྒོ”དམ་འཛིན་དམ་སྲུང་བྱས་ན། ད་གཟོད་གནོད་འཚེ་དང་གྱོད་གུད་ཆེན་པོ་འབྱུང་བར་ཚད་ངེས་ཅན་ནས་སྔོན་འགོག་བྱེད་ཐུབ་ལ། འབྲུ་རིགས་འབྲས་བཟང་གི་གཞི་རྩའི་རྩིས་གཞུང་བརྟན་པོར་སྲུང་ཐུབ་པ་ཡིན།

ཁང་ཁྲེན་ཧྲེང་ཡོན་ཧྲིས་གྲོ་སྙེ་བཙའ་ནད་ལ་ཞིབ་འཇུག་བྱས་ནས་ལོ་ངོ40ལྷག་འགོར།  ཁོང་གི་སྣེ་སྟོན་དགེ་རྒན་ལི་ཀྲེན་ཆི་ཡོན་ཧྲིས་ཁོ་ཁྲིད་དེ་སློབ་གྲྭའི་སྒོ་ཁར་འཇར་འགོག་དམག་འཁྲུག་སྐབས་སུ་བཞག་པའི་ས་ཁུང་ཞིག་ཡོད་པ་དེར་འཛུལ་བ་ཡིན། ཁོ་རང་དགོད་ཞོར་ཏུ“དེ་ནི་རང་ནས་གྲུབ་པའི་ཚ་དྲོད་ངེས་གཏན་གྱི་དྲོད་སྒམ་ཞིག་རེད”ཟེར། རབས་གཉིས་ཀྱི་ཡོན་ཧྲིས་གྲོ་སྙེ་བཙའ་ནད་ཀྱི་ཁ་གཏད་དུ་ལངས་ཏེ་ལོ་ངོ་བཅུ་ཕྲག་རིང་ལ་རྒོལ་བ་བྱས། 2013ལོར་ཁང་ཀྲེན་ཧྲེང་ཡོན་ཧྲིའི་དཔུང་སྡེ་ཡིས་གྲོ་སྙེ་བཙའ་སྲིན་དེ་རི་སྐྱེས་ཤིང་ཕྲན་སྐྱེར་བ་སྟེང་དུ“རྒྱུད་སྤེལ”ནས་སྐྱེ་འཕེལ་མཚན་ལྡན་དུ་གྲུབ་པ་དང་། དེ་ནི་ནད་སྲིན་ཡང་ནས་ཡང་དུ་བསྐྱེད་པའི་རྩ་བ་རུ་གྱུར་བའི་ནད་རྐྱེན་རྙེད་དེ་འཛམ་གླིང་སྟེང་ཐོག་མར་བསྒྲགས།   

ནད་ཀྱི་འབྱུང་རྩ་གང་ན་ཡོད།  ཀན་སུའུ་ཞིང་ཆེན་ནི་ནུབ་བྱང་གི་དབྱར་བརྒལ་ནད་སྲིན་འབྱུང་ཁུལ་གཙོ་བོ་ཡིན་ཞིང་། གྲོ་སྙེ་བཙའ་ནད་ལོ་རེའི་འབྱུང་བའི“གནད་འགག”ཡང་རེད། དབྱར་བརྒལ་སྲིན་ཁུངས་ཀྱི་ནུས་པ་གསལ་བོར་བཤད་ན། ནད་སྲིན་ལ“ཚ་གཡོལ་བྱེད་ས”དང“བར་བརྒྱུད་ས་ཚིགས”ལྟ་བུ་ཡོད། དབྱར་ཁར་ནད་སྲིན་དེ་བསིལ་གྲང་ཆེ་བའི་རི་ཁུལ་དུ་སྨིན་པའི་དཔྱིད་གྲོ་དང་། རང་སྐྱེས་གྲོ་མྱུག་སྟེང་དུ་གནས་བཅའ་བ་དང་། སྟོན་ཁར་དབྱར་གྱི་འབུ་ཐུམ་མཁའ་རླུང་བརྒྱུད་དེ་གང་སར་མཆེད་དེ།  དགུན་གྲོ་ས་ཁུལ་གྱི་སྟོན་མྱུག་སྟེང་བབས་ནས་འགོས་ཁུངས་ཐོག་མར་གྱུར་བ་ཡིན། ཤིང་ཕྲུག་སྐྱེར་བའི་སྟེང་གི་མཚན་ལྡན་སྐྱེ་འཕེལ་གྱིས་ནད་སྲིན་གྱི་ངོ་བོ་གཞན་དུ་བསྒྱུར་སླ་བས། ནད་སྲིན་གསར་པ་རིགས་དེ་ལ་བརྟེན་ནས་འབྱུང་བ་རེད།

མཚོ་སྔོན་གྱི་ལོ་རྒྱུས་སྟེང་དུ་དཔྱིད་གྲོ་འདེབས་པ་གཙོ་བོ་ཡིན། རྒྱུ་མཚན་ཐུན་མིན་གྱི་མཐོ་སྒང་གི་མཁའ་དབུགས་ཏེ་དབྱར་སྟོན་བསིལ་ཞིང་གྲང་ལ་བརླན་ཆེ་བ། སྨིན་འཕྱི་བའི་དཔྱིད་གྲོ་དང་རང་སྐྱེས་གྲོ་མྱུག་གཉིས་མཉམ་དུ་སྐྱེས་པ། ནད་སྲིན་ཡང་སྡོང་ཕྲུག་སྐྱེར་བའི་རིགས་ཀྱི་སྟེང་དུ་གནས་སྤོ་བ་དང་། གྲོ་སྣ་གཙོ་བོའི་ནད་འགོག་གི“ནུས་པ་ཤོར”སླ་བ་བཅས་གྲོ་སྙེ་བཙའ་ནད་དེ་མཚོ་སྔོན་དུ་ལོ་མཚམས་སུ་འགོས་ཁྱབ་ཆེ་བའི་དབང་གིས། ལོ་རེར་ཆ་སྙོམས་ཀྱི་ཐོན་འབོར་ལས15%ཡི་གྱོང་རག་གིན་ཡོད། དགུན་གྲོ་ས་ཁུལ་དང་ཁད་ཐག་རིང་བའི་ཀན་སུའུ་སྲིན་ཁུངས་ཀྱི་ནུས་པ་ཚང་མ་གཅིག་ཏུ་བབས་ཡོད་པས། རྒྱལ་ཡོངས་ཀྱི་གྲོ་སྙེ་བཙའ་ནད་འགོས་མཆེད་ཀྱི་བྱས་རྗེས་ལ་ཚད་བཀག་ཐེབས་ཡོད།

ལོ་འདི་དག་རིང་ལ་གནམ་གཤིས་འགྱུར་ལྡོག་གི་དབང་གིས་མཚོ་སྔོན་གྱི་གྲོ་སྣ་འདེབས་ཁྱོན་དེ་ཐར་ཐོར་དུ་ཚོད་ལྟའི་ཚུལ་དུ་བཏབས་པ་སྤྱི་ཆིང12000ཡས་མས་ལ་བསླེབས་ཤིང་། འདེབས་སའི་མཚོ་འཕགས་ཀྱང་སྨི2400ཡས་མས་སུ་སྤར། དགུན་གྲོ་བསྡུས་རྗེས་ཡང་གྲོ་མྱུག་རང་དུ་སྐྱེས་ཏེ་སྨིན་འཕྱི་བའི་དཔྱིད་གྲོའི་གམ་དུ་སྐྱེས་པ་དང་། དཔྱིད་གྲོ་ཡང་སྟོན་མྱུག་དང་མཉམ་པ་བཅས་གཅིག་ལ་གཅིག་བརྟེན་གྱིས་ནད་སྲིན་དབྱར་བརྒལ་དུས་ཚོད་ཇེ་རིང་ནས་ཇེ་རིང་དུ་བསྲིངས། དེ་དང་ཆབས་ཅིག ཀན་སུའུ་ལུང་ནན་སོགས་སྲོལ་རྒྱུན་ལྟེ་གནས་དབྱར་བརྒལ་ཁུལ་ཕྱོགས་ལ་རྒྱལ་ཁབ་ཀྱིས་ནུས་ཤུགས་ཆེན་པོ་བཏོན་ནས་ལོ་ངོ30རིང་ལ་བཅོས་སྐྱོང་བྱས་ནས་དབྱར་བརྒལ་ནད་སྲིན་གྱི་མགོ་ཁུངས་ལ་ཚོད་འཛིན་ལེགས་པོ་བྱས། དེ་ལས་ལྡོག་ཏེ་མཚོ་སྔོན་ཉིད་རྒྱལ་ཡོངས་ཀྱི་རྒྱ་ཁྱོན་ཆེས་ཆེ་བ་དང་། དབྱར་བརྒལ་ནད་སྲིན་མགོ་ཁོངས་ཕུན་སུམ་ཚོགས་པའི་གྲོ་སྙེ་བཙའ་ནད་ཛ་དྲག་ཆེ་ཤོས་ཀྱི་དབྱར་བརྒལ་ཁུལ་དུ་གྱུར། དེ་ལས་ཀྱང་ཚབས་ཆེ་བ་ནི་སྲིན་ཁུངས་དེ་དག་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་ཤར་རྒྱུད་ཀྱི་གྲོ་ཞིང་ས་ཁུལ་དུ་སྐྱོད་བཞིན་ཡོད་པས། མཚོ་སྔོན་གྱི་གྲོ་ཞིང་ལ་ནད་སྲིན་ཕོག་མིན་དེ་ཐད་ཀར་ཧོང་ཧུའེ་ཧའེ་གྲོ་ཞིང་ཁུལ་གྱི་སྟོན་མྱུག་གི་ཐོག་མའི་ནད་ཁུངས་ཀྱི་མང་ཉུང་དང་ཐད་ཀར་འབྲེལ་བ་ཡོད།

ཁང་ཀྲེན་ཧྲེང་ཡོན་ཧྲིའི་དཔུང་སྡེ་ཡིས་མཚོ་སྔོན་གྱི་གནས་ཚུལ་ལ་དམིགས་སུ་དང་དོད་བྱས་པའི་རྐྱེན་གྱིས2013ལོ་ནས་བཟུང་གི་ལོ་ངོ་བཅུ་ཕྲག་ལྷག་གི་བར་ལ། ཁོ་ཚོས་མཚོ་སྔོན་གྱི་གྲོ་སྙེ་བཙའ་ནད་འགོས་ཁྱབ་ཀྱི་གཞི་ཁྱོན་ལ་མཐིལ་རྟོགས་གསལ་བོ་བྱས་པ་ནི། ས་གང་དུ་དབྱར་བརྒལ་ཐུབ་པ་དང་། ས་གང་དུ་དགུན་གཡོལ་ཐུབ་པ། སྐྱེར་བ་རིགས་ཀྱི་ཤིང་ཕྲན་སྟེང་གི་མཚན་ལྡན་སྐྱེ་འཕེལ་གྱི་བསྡུར་ཚད་མཐོ་མིན་དང་། ནད་ཁུངས་གང་དུ་མཆེད་པ་དང་། ཇི་ལྟར་མཆེད་པ་སོགས་ནས་དཔྱད་རྩོམ་གང་མང་སྤེལ་བ་དང་མཉམ་དུ། མཚོ་སྔོན་གྱི“རྒྱལ་ཡོངས་གྲོ་སྙེ་བཙའ་ནད་མགོ་ཁུངས་གཙོ་བོ་ཁུལ”གྱི་གོ་བབ་དེ་མིང་དོན་གཉིས་ཀ་ལྡན་པར་གྱུར། སྐྱེར་བ་རིགས་ཀྱི་ཤིང་ཕྲན་སྟེང་དུ་འཕེལ་བའི་མཚན་ལྡན་སྐྱེ་འཕེལ་གྱི་བསྡུར་ཚད1.3%ཙམ་ཟིན་ན་ཡང་། གལ་ཏེ་ནད་སྲིན“འདྲེས་སྡེབ”ལས་ནད་སྲིན་གསར་པ་བསྐྱེད་ཚེ། ད་ཡོད་ཀྱི་གྲོ་སྣའི་ནད་འགོག་ནུས་པ་རང་བཞིན་གྱིས་ཤོར་འགྲོ་བ་རེད། ཁོ་ཚོས་ད་དུང་གོ་ལ་ཧྲིལ་བོའི་སྟེང་གྲོ་ཡི་སྙེ་མའི་བཙའ་ནད་ཀྱི་གཞི་རྒྱུ་ཡི“སྤྱིའི་རིས་ཤལ”ཐོག་མ་བྲིས་ཏེ་སོན་སྣ་གསོ་སྤེལ་ཐད་ལ“ལམ་སྟོན་ས་ཁྲ”ཞིག་བཏོན་ཡོད། 

ཆོས་ཉིད་གསལ་བོར་རྟོགས་ན་ད་གཟོད་འགོག་ཟོན་ཚོད་འཛིན་ལ་ཐབས་གདོན་ཆོག  རང་སྐྱེས་གྲོ་མྱུག་སློག་པ་དང་། ནད་འགོག་སོན་སྣ་བཀོད་སྒྲིག སྨན་སོན་མཉམ་སྡེབ། སྨན་ཉུང་ཕྱོད་འཕར་བཅས་ཀྱི་ཁར། “ལུགས་མཐུན་གྱིས་མཚན་ལྡན་སྐྱེ་འཕེལ་འགོག་ཟོན་དང་། དཔྱིད་དགུན་ནད་ཁུངས་ལ་མགོ་གནོན། དཔྱིད་དབྱར་གྱི་ལྟ་ཞིབ་ཚད་འཇལ་དང་འགོས་ཁྱབ་ཚོད་འཛིན”བཅས་ཁུ་མཚུར་མཉམ་ཕྱར་གྱིས་དུས་འཁོར་ཧྲིལ་བོར་གནོད་མེད་འགོག་ཟོན་དང་ཚོད་འཛིན་མ་ལག་ཅིག་རིམ་གྱིས་གྲུབ། 2023ལོར“མཚོ་སྔོན་དབྱར་བརྒལ་རྟེན་གཞིའི་གྲོ་སྙེ་བཙའ་ནད་གནོད་མེད་འགོག་ཟོན་དང་ཚོད་འཛིན་ལག་རྩལ་མ་ལག”ཅེས་པ་ཞིང་ལས་ཞིང་གྲོང་པུའུ་ཞིང་ལས་གནོད་འབུ་གནོད་མེད་འགོག་ཟོན་ཚོད་འཛིན་ལག་རྩལ་གྱི་མ་དཔེ་བརྒྱ་ཡི་ནང་དུ་བདམས། ཁོ་ཚོས“ནུབ་བྱང་དབྱར་བརྒལ་ཁུལ་གྱི་གྲོ་སྙེ་བཙའ་ནད་དམིགས་སུ་བཟུང་ནས་བཅོས་སྐྱོང་བྱ་བར”ཤུགས་ཀྱིས་སྐུལ་བ་དེ་རྒྱལ་ཁབ་ཀྱི་བཅོས་སྐྱོང་འཐབ་ཇུས་ཀྱི་རིམ་པར་སྤར་བ་རེད། ད་ལོའི་ཟླ3པར་རྒྱལ་ཡོངས་ཞིང་ལས་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱིས2026ལོའི་དཔྱིད་དུས་ཀྱི་གྲོ་ཡི་ནད་སྲིན་འགོག་ཟོན་དང་ཚོད་འཛིན་ལག་རྩལ་ཇུས་གཞི་ཁྱབ་སྒྲོག་བྱས་ཏེ།  ནད་ཁུངས་ཁུལ་དུ“སྨན་འཁྱེར་ནས་རྩད་ཞིབ་དང་། གནས་གང་དེར་འགན་སྲུང་བྱེད་པ”དེ་སྔར་བཞིན་འགོག་སྲུང་གི་དང་པོར་བརྩིས། མགོ་ཁུངས་ནི་ཐོག་མཐའ་བར་གསུམ་དུ་འགོག་ཟོན་དང་ཚོད་འཛིན་གྱི་མགོ་རྩོམ་ས་ཡིན་པ་ནང་བཞིན《འཛམ་གླིང་མི་སྣ》ཡིས་ཁང་ཀྲེན་ཧྲེང་ཡོན་ཧྲིའི་དཔུང་སྡེ་ཡི་འགོག་ཟོན་ཚོད་འཛིན་མ་ལག་གིས་རང་རྒྱལ་གྱི་གྲོ་སྙེ་བཙའ་ནད་ལ་ཚོད་འཛིན་ལེགས་པོ་ཐོབ་ཡོད་པས། རྒྱལ་ཁབ་ཀྱི་ལོའི་ཆ་སྙོམས་སུ་འབྲུ་རིགས་སྤྱི་རྒྱ་དུང་ཕྱུར20ཡན་གྱི་གྱོང་གུད་སེལ་ཐུབ་ཡོད་ཅེས་བསྒྲགས་འདུག །

གྲོ་ཡི་ཕྱིའི་དབྱིབས་རང་འགུལ་གྱིས་འཚོལ་སྡུད་བྱེད་པའི་སྟེགས་བུ། 

གཅིག་ལ་གཅིག་བརྟེན་གྱིས་ནད་སྲིན་གྱི་གནོད་པ་འགོག་ཟོན་དང་ཚོད་འཛིན་ལེགས་པོ་བྱས། 

ནད་སྲིན་འགོག་བཅོས་ནི་མཐའ་མའི་ཚད་ཐིག་བརྟན་སྲུང་བྱ་ཆེན་ཡིན་ལ།  སོན་སྣ་ལེགས་གསོ་ནི།  ཕུགས་རྒྱང་རིང་བོའི་མངོན་འགྱུར་བྱ་ཆེད་ཡིན།

2026ལོ་ནི་ཁང་ཀྲེན་ཧྲེང་ཡོན་ཧྲི་དང་མཚོ་སྔོན་གཉིས་ལ་མཚོན་ན་ཧ་ཅང་དམིགས་བསལ་བ་ཞིག་ལ་རྩིས་ཆོག  ཟླ3པར་ཁོ་རང“མཚོ་སྔོན་ཞིང་ཆེན་འཇོན་ལྡན་ཚན་རིག་པའི་མཛོད”དུ་བདམས་ཤིང་། ཁོ་ལ་མ་འོངས་པའི་མཚོ་སྔོན་གྱི་ལས་ཀར་འཆར་གཞི་གསལ་བོ་ཞིག་ཡོད་དེ།  ཁོས་མཚོ་སྔོན་འབྲུ་རིགས་ཀྱི་ནད་སྲིན་གནོད་མེད་འགོག་ཟོན་དང་ཚོད་འཛིན་ལག་རྩལ་སྐོར་གྱི་ཞིབ་འཇུག་དང་ཁྱབ་གདལ་བྱ་བར་སྣེ་ཁྲིད་དེ་ལས་ཀ་གལ་ཆེན་སྤེལ།  མཚོ་སྔོན་གྱི་འབྲུ་རིགས་ལ་གནོད་པའི་ནད་སྲིན་ནི་གྲོ་སྙེ་བཙའ་ནད་ཁོ་ན་ཙམ་མ་ཡིན་པར་དོ་སྣང་བྱེད་ས་ད་དུང་མང་པོ་ཡོད། དཔེར་ན་ཉེ་བའི་ལོ་ནང་དུ་གསར་རྙེད་བྱུང་བའི་ནས་སྙེ་ཤུབས་རུལ་ནད་ལྟ་བུ།  ནད་སྲིན་དེ་དུག་རྒྱུ་བསྐྱེད་ཐུབ་པས། ནས་སྙེ་རུལ་ནས་ཐོན་འབོར་མར་གཅོག་པར་མ་ཟད། ཟས་སུ་བསྟེན་ན་ཡང་བདེ་འཇགས་མིན། དཔུང་སྡེ་དེས་ནད་སྲིན་དེ་ནི་ཉེན་ཁ་ཆེ་ཞིང་གནོད་ལྡན་ཅན་གྱི་ནད་ཅིག་ཡིན་པ་ར་སྤྲོད་བྱས་པས། དེ་ནི་མཚོ་སྔོན་གྱི་གྲོ་ཞིང་གནོད་འཚེ་སྔོན་འགོག་གི་གསལ་ཐོའི་སྟེང་གསར་དུ་བྱུང་བའི་དགྲ་བོ་ཞིག་རེད།  

ནད་སྲིན་གྱི་གནོད་པ་འགོག་ཟོན་དང་ཚོད་འཛིན་ནི“བཅོས་སྐྱོང”ཁོ་ན་ཙམ་གྱི་མི་ཆོག་པར་ནད་སྲིན་གྱི་གནོད་པའི་ནང་རྐྱེན་ལ་ཞིབ་འཇུག་དང་། རིག་ནུས་ལྟ་ཞིབ་ཚད་ལེན་ནས་ནད་འགོག་སོན་གསོ། གནོད་མེད་འགོག་ཟོན་དང་ཚོད་འཛིན་བཅས་འབྲེལ་ཐག་ཧྲིལ་བོར་ཁྱབ་དགོས་པ་མ་ཟད། གཅིག་ལ་གཅིག་བརྟེན་གྱིས་མུ་སྐྱོང་དགོས། ནང་རྐྱེན་ཞིབ་འཇུག་ནི་ནད་གཞི་གསལ་རྟོགས་དང་། ནད་སྲིན་གཞན་འགྱུར་ཇི་ལྟར་བྱེད་ཚུལ། ནད་སྲིན་གསར་པ་གང་དུ་འབྱུང་བ་བཅས་ལ་རྒྱུས་ལོན་གསལ་བོ་བྱེད་པ་ལ་གོ་ཞིང་། དེ་ལྟར་བྱས་ན་ད་གཟོད་མགོ་ཁུངས་ནས་འགོག་ཐུབ།  རིག་ནུས་ལྟ་ཞིབ་ཚད་ལེན་ནི་ནད་སྲིན་གྱིས་གནོད་པ་མ་བྱས་སྔོན་ལ་ཉེན་བརྡ་རྒྱག་པ་སྟེ། སྔ་མོ་ནས་ཤེས་རྟོགས་དང་སྔ་མོ་ནས་བརྡར་གཅོད་བྱས་ནས“གནོད་འཚེ་ཐེབས་རྗེས་ད་གཟོད་རྗེས་སུ་རྒྱུག་པའི”སྣང་ཚུལ་ཇེ་ཉུང་དུ་གཏང་བ་ལ་གོ། ནད་འགོག་སོན་གསོ་ནི་ས་བོན་གྱི་སྟེང་ལ་ནུས་ཤུགས་འདོན་པ་སྟེ། ནད་འགོག་སོན་སྣ་ནི་ནད་སྲིན་འགོག་བཅོས་ཐད་འགྲོ་གྲོན་ཉུང་བ་དང་། ཕན་འབྲས་ཆེ་བ། གནོད་པ་མེད་པའི་བྱེད་ཐབས་བཀོལ་ནས་སྨན་ཇེ་ཉུང་དང་། མ་རྩ་ཇེ་ཉུང་། འབག་བཙོག་ཇེ་ཉུང་དུ་གཏང་ཐུབ་པ་ལ་ཟེར། གནོད་མེད་འགོག་ཟོན་དང་ཚོད་འཛིན་ནི་ནད་འགོག་དེ་སྨན་ཁོ་ནར་མི་བསྟེན་པར་སྐྱེ་ཁམས་སྙོམས་སྒྲིག་དང་ཚོད་འཛིན། སྐྱེ་དངོས་འགོག་བཅོས། གནད་འཁེལ་སྨན་སྤྱོད་བཅས་ཕྱོགས་བསྡུས་ཐོག་ནུས་ཤུགས་བཏོན་ནས་མང་མི་དགོས་པ་ཉུང་སྤྱོད་བྱས་ཏེ། ཐོན་འབོར་དང་སྐྱེ་ཁམས་གཉིས་ཀར་འགན་སྲུང་བྱེད་པ་ལ་གོ་བ་ཡིན།

ཟླ5པར། ཁང་ཀྲེན་ཧྲེང་ཡོན་ཧྲིའི་དཔུང་སྡེས་མཚོ་སྔོན་གྱིས་འཛུགས་སྐྲུན་བྱས་པའི་གྲོ་ཡི་ཕྱི་དབྱིབས་རིག་ནུས་ཅན་འཚོལ་སྡུད་སྟེགས་བུ་དངོས་སུ་ཤར་གཏོང་བྱས་ཤིང་། དེར་མ་དངུལ་བྱེ་བ་བརྒྱད་ལྷག་བཏང་བ་དང་།  དེས་མི་མེད་གནམ་གྲུ་མཁའ་རུ་བཏང་ཞིང་།  རྒྱང་ཚོར་ཆས་ས་འོག་ཏུ་བཅུག་ནས་གྲོ་ཡི་གནས་ཚུལ“གྲངས་ཀ་ཅན་དུ་བསྒྱུར”ནས་ལྟ་ཞིབ་ཚད་ལེན་བྱེད་ཐུབ་པ་དང་། AIཡིས་གྲོ་ཡི་སྐྱེ་འཕེལ་ལ་ལྟ་བ་དང་། གཞི་རྒྱུ་འཚོལ་ཐུབ། མ་འོངས་པ་ན“གནམ་ས་གཞི་གཅིག་ཅན”གྱི་ལྟ་ཞིབ་ཚད་ལེན་གྱིས་ནད་སྲིན་གྱི་གནོད་པའི་ཉེན་བརྡ་སྟེགས་བུར་སྦྲེལ་ཏེ། མཐོ་སྒང་གི་གྲོ་ཞིང་ལ“ལྟ་བ་རྒྱང་མཐོང”གི་གོ་ཆ་ཞིག་སྤྲས་འཆར་ཡོད། ཁོས་འཆར་གཞི་ལ་ད་དུང་སྔོན་ཐོན་གྱི་ལག་རྩལ་དང་སྒྲིག་ཆས་དེ་དག་གིས་ནད་སྲིན་འགོག་བཅོས་དང་། ཐོན་འབོར་མང་བ། སྤུས་ལེགས་པའི་སོན་སྣ་གསར་པ་རིགས་མང་པོ་འདེམ་གསོ་བྱས་ཏེ། ནད་འགོག་གཞི་རྒྱུ་ཅན་གྱི་གྲོ་སོན་ཞིང་ནང་དུ་གདབ་ན་ད་གཟོད་མགོ་ཁུངས་ནས་སྔོན་འགོག་ཚོད་འཛིན་བྱེད་པའི་འཆར་གཞི་ཡང་ཡོད། དེ་བཞིན་དུ་ས་མུའུ་སྟོང་རིམ་པའི་གནོད་མེད་སྔོན་འགོག་ཚོད་འཛིན་དཔེ་སྟོན་ཁུལ་གསུམ་བསྐྲུན་ནས་ལག་རྩལ་གསར་པ་དང་། སོན་སྣ་གསར་པ་ཁྱབ་གདལ་ལག་བསྟར་ལ་ཤུགས་བསྣན་འཆར་ཡོད་དོ། །

སོན་གསོ་བྱེད་སྟངས་ལ་ཡང་འགྱུར་ལྡོག་བྱུང་བཞིན་ཡོད། མཐོ་སྒང་གི་དབྱར་དུས་སུ་མཁའ་དབུགས་བསིལ་ཞིང་། ཉིན་མཚན་གྱི་དྲོད་གྲང་ལ་ཧེ་བག་ཆེ་བས།  ལོ་རེར་ཐེངས་གཅིག་ལ་མ་གཏོགས་ལོ་ཏོག་སྨིན་མི་ཐུབ་པས་དེ་སྔོན་ཆད་བརྒལ་ཐབས་མེད་པའི་འགག་སྒོ་ཞིག་ཡིན།  ད་ཆ་དཔུང་སྡེ་ཡིས་དེ་ཉིད“སྐུལ་རོགས་ཆས”སུ་བསྒྱུར་ཏེ། ནད་འགོག་རང་བཞིན་དེ་སོན་སྣ་དཔྱད་ཞིབ་དང་གཏན་འབེབས་ལ་མེད་དུ་མི་རུང་བའི་གནད་འགག་གི་དམིགས་ཚད་ཅིག་ཏུ་བརྩིས་ཡོད།  དེ་ལྟ་ན་ཡང་གྲོ་སྙེ་བཙའ་ནད་སྔོན་འགོག་གི་རང་བཞིན་དབྱེ་འབྱེད་དང་གཏན་འབེབས་ལ་མཚོན་ན།  བསིལ་གྲང་མཁའ་དབུགས་ནི“བྱང་བུ་གྲགས་ཅན”ལྟ་བུ་ཞིག་ཏུ་གྱུར་ཡོད། ནང་ལོགས་ཀྱི་སོན་སྣར་མཚོན་ན།  ཁོར་ཡུག་གི་ཕྱོགས་ནས་འཚམ་དཀའ་བ་སྟེ། མི་ཐབས་ལ་བརྟེན་ནས་འགོག་སྨན་རྒྱག་པ་དང་།  ནད་བྱུང་ན་ཡང་དེ་འདྲའི་དྲགས་པོ་མིན་པ།  ནད་འགོག་རང་བཞིན་གྱི་དབྱེ་འབྱེད་གཏན་འབེབས་ཡང་དག་མིན་པ། སོན་སྣ་འབྱོར་མ་ཐག་ཐོན་སྐྱེད་བྱེད་པས། ལམ་སེང་ནད་འགོག་རང་བཞིན་གྱི་ནུས་པ་ཤོར་ནས་ཁྱབ་གདལ་གྱི་རིན་ཐང་ཡང་ཉམས་འགྲོ་བ་རེད། བལྟས་འཇོག་གིས་མཚོ་སྔོན་གྱི་མཁའ་དབུགས་བསིལ་ཞིང་གྲང་བ་དང་། གྲོ་སྙེ་བཙའ་ནད་བྱུང་མང་བས། ཏག་ཏག་རང་བྱུང་གི་ཆ་རྐྱེན་དེ་བེད་སྤྱོད་བཏང་ནས་རྒྱལ་ཡོངས་གྲོ་སྣ་མཚོ་སྔོན་དུ་བསྡུས་ཐོག ནད་འགོག་ལ་དབྱེ་འབྱེད་གཏན་འབེབས་བྱས་ནས་གྲོ་ཡི་ནད་འགོག་རང་བཞིན་ལ་ཧ་ཅང་ཚད་ལྡན་ཡིན་པའི་ལན་ཞིག་སྤྲད་ཡོད། མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་གྲོ་སྙེ་བཙའ་ནད་རྒྱུན་དུ་བྱུང་མང་ལ་ནད་སྲིན་འགྱུར་སླ་བའི་ས་ཁུལ་དང་།  སོན་སྣ་ཆུང་རིགས་གསར་པ་མགོ་རྩོམ་ས་དང་ནད་སྲིན་དབྱར་བརྒལ་ཁུལ་གལ་ཆེན་བཅས་ཡིན། ཐོབ་ཐང་དེས་མཚོ་སྔོན་ལ་གནོན་ཤུགས་ཤིག་སྤྲད་ཡོད་ལ། འགན་འཁྲི་ཞིག་ཀྱང་དཀྲི་ཡོད་པ་རེད།  མ་འོངས་བ་ན། མཚོ་སྔོན་གྱིས་ད་དུང་ཁོར་ཡུག་གི་དགེ་མཚན་དང་ཡོན་ཧྲིའི་དཔུང་སྡེ་ཡི་ལག་རྩལ་དང་སྟེགས་བུ། མིས་བཟོས་རིག་ནུས་ཆ་ཚང་བཅས་དང་འབྲེལ་ཏེ།  རྒྱལ་ཡོངས་ཀྱི་གྲོ་སྙེ་བཙའ་ནད་དབྱེ་འབྱེད་གཏན་འབེབས་བྱེད་ས“དབྱར་འདེབས”རྟེན་གཞི་ཞིག་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་བསྐྲུན་ཐོག ཚན་རྩལ་གྱི་ནུས་པ་ལ་བརྟེན་ནས་སོན་ལས་དར་སྤེལ་དང་། སོན་བཟང་འདེམ་གསེས་ལ་དཔྱད་བསྡུར་བཅས་ཐོན་སྐྱེད་དུས་ལ་བཀོལ་སྤྱོད་ཡུན་རིང་ཐུབ་པ་བྱས་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི“སོན་ཁུངས་སྲུང་ཡོལ”བརྟན་པོ་ཞིག་བསྐྲུན་འཆར་ཡོད། 

“མཚོ་ལེགས721”ནི་མགོ་བརྩམས་པ་ཙམ་ཡིན། དཔུང་སྡེ་ཡི་ལག་ན་ད་དུང་སོན་བཟང་ཁྲི་ལྷག་གི་ཐོན་ཁུངས་དང་། གྲལ་བསྒྲིགས་ནས་དཔྱད་ཞིབ་གཏན་འབེབས་ལ་སྒུག་པའི་སོན་སྣ་གསར་པ་བཞི་ཡོད།  ཁང་ཀྲེན་ཧྲེང་ཡོན་ཧྲིས་འདི་སྐད། མཚོ་སྔོན་གྱི་སྐྱེ་ཁམས་དགེ་མཚན་ལ་འགྲན་པའི་ཟླ་དང་བྲལ་བས་རྒྱལ་ཁབ་སོན་ལས་ཀྱི“སྟ་གོན་རུ་དཔུང”ཞིག་ཏུ་འགྱུར་ཆོག་ཆོག་རེད། 

ད་ལོའི་ཟླ2པར་བསྒྲགས་པའི2026ལོའི་ཀྲུང་དབྱང་གི་ཡིག་ཆ་དང་པོའི་ནང་དུ།  འབྲུ་རིགས་ཀྱི་ཐོན་འབོར་དེ་དུང་ཕྱུར1.4ཡས་མས་སུ་གཏན་འཇགས་སུ་གནས་དགོས་པ་དང་། སོན་ལས་དར་སྤེལ་གྱི་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱས་ནས་ཐོལ་བརྒལ་རང་བཞིན་གྱི་སོན་སྣ་མགྱོགས་པོར་འདེམ་གསེས་དང་ཁྱབ་གདལ་གཏང་དགོས་པའི་བླང་བྱ་བཏོན་ཡོད།  མཚོ་སྔོན་གྱིས་ནད་འགོག་གི་སོན་སྣ་རེ་རེ་ཚོད་ལྟ་བྱས་ཏེ། “ཀྲུང་གོའི་ཟས་ཕོར་ལེགས་པོར་བསྐྱོར”པའི་ཁག་ཁུར་མགོ་ཁུངས་ནས་ཕྲག་ཏུ་བླངས་ནས“གནོད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས”ཡི་སྒོ་བྱང་ལ་གདེང་ཤུགས་ཤིག་སྣོན་བཞིན་ཡོད། 

“མི་ཚེ་གཅིག་ལ་གྲོ་ཞིང་སྲུང་། འབྲུ་རིགས་བདེ་འཇགས་སེམས་ཀྱིས་སྲུང་།” གྲོ་ཡི་ལོ་ལེགས་བསྡུ་བའི་དུས་ཚིགས་ལ། ཁང་ཁྲེན་ཧྲེང་ཡོན་ཧྲི་ཡང་བསྐྱར་ལམ་ལ་ཆས། ཁོས་ལོ་གཅིག་ནང་གི་དུས་ཚོད་མང་ཤོས་ས་གནས་ཁག་གི་གྲོ་ཞིང་དུ་བསྐྱལ་བ་དང་། ལྷག་པར་དུ་མཚོ་སྔོན་ས་ཆའི་ཚོད་ལྟའི་ཞིང་ས་འདི་སེམས་ལ་ཡང་ཡང་འཁོར་ནས་ལོ་བཅུ་ཕྲག་ལྷག་ཕྱིན། ཁོས“གྲོ་ཞིང་ནི་ང་རང་ཚན་ཞིབ་ལ་གཞོལ་བའི་གར་སྟེགས་ངོ་མ་དེ་ཡིན”ཞེས་བརྗོད་མྱོང་། 

མཐོ་སྒང་གི་རླུང་བུ་ཚོད་ལྟའི་ཞིང་ས་བརྒལ་དུས། གྲོ་ཞིང་རླུང་གིས་བསྐྱོད་པའི་རླབས་འགྱུ་རྒྱང་རིང་དུ་ཕྱོགས་ལ། རྒྱང་རིང་གི་གནས་དེ་ན་འཐེན་ཐུག་གསོལ་ཁང་དུ་ལྷོག་ལྷོག་གདུ་བའི་ཕྱེ་ཐུག་ཡོད་ལ། ཤར་རྒྱུད་གྲོ་ཞིང་ཁུལ་སོགས་སུ་བཏབས་པའི་སྟོན་མྱུག་ཡོད་པ་མ་ཟད། ཀྲུང་གོའི་སོན་ལས་སུ་འཕེལ་བཞིན་པའི་ལན་ཡང་དེ་གར་ཡོད་དོ། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།