ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་དང་གྲོང་ཁྱེར། རྫོང་ཡོངས་ཀྱི་ཏང་སྲིད་འགོ་ཁྲིད་ཚན་ཁག་གིས་འགན་ཁུར་གསབ་སྦྱོང་འཛིན་གྲྭའི་སློབ་ཁྲིད་སྐབས་གཏམ་བཤད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་དང་གྲོང་ཁྱེར། རྫོང་ཡོངས་ཀྱི་ཏང་སྲིད་འགོ་ཁྲིད་ཚན་ཁག་གིས་འགན་ཁུར་གསབ་སྦྱོང་འཛིན་གྲྭ་ཚོགས་ནས་སློབ་ཁྲིད་བྱེད་པའི་སྐབས་སུ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་བྱེད་དགོས་ལ། ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱས་ནས། མངག་བཅོལ་ཡིད་ལ་དམ་པོར་བཟུང་ནས། དྲིན་ཚོར་གྱིས་འབད་པས་བསྐྱོད་ཅིང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱས་ནས། འཆར་གཞི་གཅིག་ལེགས་པར་འགོད་པ་དང་། ཐོག་མཐའ་བར་གསུམ་དུ་དོན་འཁྱོལ་དམ་འཛིན་བྱས་ཏེ། ངར་སེམས་ཀྱི་སྙིང་སྟོབས་ཀྱི་སྒོ་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་འབད་པས་སྐུལ་འདེད་གཏོང་དགོས།

ཞིང་ཆེན་གྱི་འགོ་ཁྲིད་མགོན་པོ་བཀྲ་ཤིས་གསབ་སྦྱོང་འཛིན་གྲྭར་ཞུགས་ཤིང་། ལིའུ་ཆི་ཧྥན་གྱིས་འགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་ཁྲིམས་དཔོན། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་བཅས་གསབ་སྦྱོང་འཛིན་གྲྭར་ཞུགས།

ལུའོ་ཏུང་ཁྲོན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་མི་དམངས་སེམས་ཁོངས་སུ་ཉར་ཞིང་། མཚོ་སྔོན་གྱི་འཕེལ་རྒྱས་ལ་རེ་བཞག་བླ་མེད་གནང་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལམ་ཕྱོགས་གསལ་སྟོན་གནང་བ་ནི། མཚོ་སྔོན་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལམ་ཆེན་བགྲོད་པར་ཁྲིད་སྟོན་བྱེད་པའི་རྩ་བའི་བརྩི་སྲུང་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞི་རིམ་བྱ་བའི་བྱེད་ཐབས་དང་འབྲེལ་བའི་རྒྱས་བཤད་གལ་ཆེན་གཏིང་ཟབ་སྒོས་ཤེས་རྟོགས་བྱེད་དགོས་པ་དང་། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཟབ་རྟོགས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལྷག་ལུས་མེད་པར་དོན་འཁྱོལ་བྱས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པའི་ལག་བསྟར་པ་དང་། འགུལ་སྐྱོད་པ། དངོས་སྒྲུབ་པ་བཅས་བྱེད་དགོས།

ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ། མཚོ་སྔོན་ནི་དོན་ཆེན་བསྒྲུབ་པ་དང་། རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཆེན་པོར་བྱས་རྗེས་བླ་མེད་འཇོག་པའི་དུས་སྐབས་གལ་ཆེན་ཞིག་ཏུ་ཞུགས་ཆོག་པ་རེད། ཁྱོན་ཆེན་པོ་གཉིས་སེམས་སུ་ཉར་ནས། ཏན་ཏིག་སྒོས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བཏང་སྟེ། དུས་རབས་གསར་པའི་འཐབ་ལམ་གསར་པའི་སྟེང་མཚོ་སྔོན་ནི་རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཆེན་པོའི་ཁྲོད་ལོ་རྒྱུས་ཀྱི་ཕྱོགས་མཚམས་གང་དུ་གནས་ཡོད་པར་ངེས་ཤེས་ཟབ་མོ་དང་སྟངས་འཛིན་བྱས་ནས། འཕེལ་རྒྱས་ཀྱི་གཏན་གནས་གནད་འཁེལ་བྱེད་པ་དང་། འཕེལ་རྒྱས་ཀྱི་ལམ་ཕྱོགས་གསལ་ཐག་བཅད་ནས། ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་ཞུགས་དགོས་ཤིང་། ཀྲུང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དམིགས་འབེན་ལས་འགན་ཡོངས་སུ་འགྲུབ་ཏུ་འཇུག་པར་ཁག་ཐེག་བྱེད་དགོས། ཚད་གཞི་དེ་བས་མཐོ་བའི་སྒོ་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་རྒྱུ་དེ"ཀྲུང་ཧྭའི་ཆུ་མཛོད"སྲུང་སྐྱོང་བྱེད་པའི་ལག་ལེན་གྱི་གཞི་རྟེན་གལ་ཆེན་ཞིག་ཏུ་བརྩིས་ནས། རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་འཛམ་གླིང་གི་ཤུགས་རྐྱེན་ལྡན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་གི་དཔེ་མཚོན་དམིགས་འབེན་གཏན་འཁེལ་བྱས་ཏེ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་གཏིང་ཟབ་རྒྱག་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གཅིག་འདོམས་སྐུལ་འདེད་བཏང་ནས། ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་ཁམས་རིན་ཐང་རྒྱུན་མཐུད་ཚུལ་སྒྱུར་བྱས་ཏེ། སྔོ་ལྗང་གི་རི་ཆུ་ནམ་ཡང་མཚོ་སྔོན་གྱི་དགེ་མཚན་དང་སྤོབས་པར་འགྱུར་བར་བྱེད་དགོས། མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྒྲིག་འཛུགས་ཇེ་མགྱོགས་སུ་གཏོང་བ་དང་། རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་དང་། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་བཅས་འཛུགས་སྐྲུན་དང་ལྗང་མདོག་རྩིས་གློག་མཉམ་སྡེབ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་། འོད་བརྟེན་བཟོ་སྐྲུན། འོད་དྲོད་གློག་འདོན། ཧ་ཡང་ལས་སྣོན་ཞིབ་ཚགས། མཐོ་སྒང་ཁམས་གསོ་སོགས་ཁྱད་ལྡན་དགེ་མཚན་ཐོན་ལས་སྟོབས་ཆེ་རུ་གཏོང་བར་ཤུགས་རྒྱག་པ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། ཐོན་ལས་ཀྱི་དགེ་མཚན་གསར་པ་དང་འཕར་སྣོན་གྱི་སྒུལ་བྱེད་གསར་པ་སྔར་ལས་མང་པོ་རྒྱུན་ཆད་མེད་པར་གསོ་སྐྱོང་བཅས་བྱ་དགོས། མི་རིགས་ས་ཁུལ་དུ་ཏང་གི་སྲིད་སྐྱོང་རྨང་གཞི་རྒྱུན་མཐུད་ངང་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཆགས་པའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། མི་རིགས་ས་ཁུལ་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་ཧུར་ཐག་གཏོང་བ། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་ཁྲིད་སྟོན་ཧུར་ཐག་བཅས་བྱ་དགོས། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་པ་དང་། བྱེད་ཐབས་དེ་བས་ཏན་ཏིག་ལ་བརྟེན་ནས་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ལྷོད་གཡེང་སྤུ་ཙམ་མེད་པར་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་དེ་བས་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཉེ་གམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་འཕེལ་བར་བྱས་ནས། སྤྱོད་གཙང་དྲང་གཞག་གི་ཆབ་སྲིད་ཁོར་ཡུག་བསྐྲུན་དགོས། ཏང་ཡོན་ལས་བྱེད་པས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འབད་པས་སྐུལ་འདེད་གཏོང་བའི་ཁྲོད་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་འཐོབ་རྒྱུར་སྐུལ་མ་གཏོང་དགོས།

སློབ་ཁྲིད་ཀྱི་རྗེས་སུ། ལུའོ་ཏུང་ཁྲོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཚོ་སྔོན་ལག་ལེན་སློབ་ཁྲིད་ཞིབ་འཇུག་ལྟེ་གནས་སུ་རྟོག་ཞིབ་བྱས་ཏེ། སློབ་དཔྱོད་ལྟེ་གནས་ཀྱི་བྱེད་ནུས་དང་ནུས་པ་མུ་མཐུད་དུ་འདོན་སྤེལ་ཡག་པོ་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་དང་འགྲེལ་བཤད་གཏིང་ཟབ་རྒྱག་པ་དང་། སློབ་ཁྲིད་ལག་ལེན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། ཏང་ཡོན་ལས་བྱེད་པར་སློབ་སྦྱོང་དང་གོ་རྟོགས་གཏིང་ཟབ་ཁྲོད་དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བཅས་བྱེད་པའི་ལས་ཡུལ་གལ་ཆེན་ཞིག་ཏུ་འབད་པས་འཛུགས་སྐྲུན་བྱེད་དགོས་པའི་བླང་བྱ་བཏོན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།