མཚོ་སྔོན་གྱིས2026ལོའི་རྒྱལ་སྤྱིའི་གནོད་འཕྲི་ཉིན་མོའི་གཅིག་སྡུས་དྲིལ་སྒྲོག་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་གནོད་འགོག་གནོད་འཕྲི་གནོད་སྐྱོབ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་། མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་གིས་ཟི་ལིང་གྲོང་ཁྱེར་དུ2026ལོའི་རྒྱལ་སྤྱིའི་གནོད་འཕྲི་ཉིན་མོའི་གཅིག་སྡུས་དྲིལ་སྒྲོག་བྱེད་སྒོ་སྤེལ། ཞིང་ཆེན་དང་། གྲོང་ཁྱེར། ཆུས་བཅས་རིམ་པ་གསུམ་གྱི་ལས་ཁུངས50ལྷག་དང་མང་ཚོགས1000ལྷག་ཐེངས་འདིའི་བྱེད་སྒོར་ཞུགས།

བྱེད་སྒོ་ལས་བདེ་འཇགས་ཀྱི་ཁྱིམ་གཞིས་འཛུགས་སྐྲུན་ཞེས་པ་བརྗོད་དོན་དུ་བཟུང་སྟེ། བརྗོད་དོན་རིག་རྩལ་འགྲེམ་འཁྲབ་དང་། ཚན་རིག་ཁྱབ་གདལ་ཐད་ཀྱི་དྲི་བ་དྲིས་ལན། གནོད་འགོག་ཐད་ཀྱི་ཚན་རིག་རྒྱུན་ཤེས་འགྲེམ་སྟོན། འཕྲལ་བསྟུན་རོགས་སྐྱོབ་སྒྲིག་ཆས་འགྲེམ་སྟོན་སོགས་རིམ་པ་མང་པོ་ཞིབ་ཚགས་བཀོད་སྒྲིག་བྱས་ཡོད་ལ། ལས་རིགས་རྐང་འཛིན་པ་དང་འཕྲལ་བསྟུན་སྟོབས་ཤུགས་གདན་ཞུ་བྱས་ཏེ་ཡུལ་དངོས་ནས་མཐོ་སྒང་གི་གནོད་འཚེ་སྔོན་འགོག་དང་། ཁྱིམ་ཚང་གི་ཉེན་གཡོལ། རང་སྐྱོབ་དང་སྐྱོབ་རེས་སོགས་དངོས་བཀོལ་རྩལ་ནུས་སློབ་ཁྲིད་བྱས་ནས། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཉེ་གམ་གྱི་གནོད་འཚེའི་ཉེན་ཁ་ངོས་འཛིན་དང་། འཕྲལ་བསྟུན་ཐག་གཅོད་བྱེད་ཐབས་རྒྱུས་ལོན་པར་བྱས།

ཐེངས་འདིའི་བྱེད་སྒོ་ལ་བསྡོམས་པས་འགྲེམ་གནས26ཡོད། གནོད་འགོག་གནོད་འཕྲི་བརྗོད་དོན་ཡིན་པའི་འགྲེམ་ངོས110ལྷག་དང་། དྲིལ་སྒྲོག་སྦྱར་བྱང50ལྷག་བཀལ་ཡོད་ལ། རིགས་སོ་སོའི་འཕྲལ་བསྟུན་རོག་སྐྱོབ་སྒྲིག་ཆས50ལྷག་འགྲེམ་སྟོན་བྱས་ཡོད། ལས་བྱེད་མི་སྣས་ཕར་འགྲོ་ཚུར་འོང་གི་མང་ཚོགས་ལ་ཁ་གཏད་ནས་གནོད་འགོག་གནོད་འཕྲིའི་དྲིལ་སྒྲོག་ལག་དེབ5000ལྷག་དང་། དྲིལ་སྒྲོག་དངོས་རྫས1000ལྷག་བྱིན་པ་དང་། ཡུལ་དངོས་ནས་མཐོ་སྒང་གི་རྒྱུན་མཐོང་གནོད་འཚེའི་ཉེན་ཁ་ངོས་འཛིན་དང་། འགོག་རྐྱེན་ལེབ་བཤེར། སྔོན་བརྡའི་ཆ་འཕྲིན་ངོས་འཛིན། རང་སྐྱོབ་དང་སྐྱོབ་རེས་སོགས་ཀྱི་ནང་དོན་བྱས་ནས་སློབ་ཁྲིད་བྱས་ཤིང་། འཕྲལ་བསྟུན་སྒྲིག་ཆས་བེད་སྤྱོད་བྱེད་ཐབས་འགྲེམ་སྟོན་བྱས། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ཁྱིམ་ཚང་གི་བདེ་འཇགས་དང་། གནོད་འཚེ་སྐྱོབ་རོགས་སོགས་གནད་དོན་ལ་ལན་བཏབ།

ཞིང་ཆེན་གནོད་འགོག་གནོད་འཕྲི་གནོད་སྐྱོབ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་གིས་གནོད་འགོག་གནོད་འཕྲིའི་ཚན་རིག་རྒྱུན་ཤེས་དྲིལ་སྒྲོག་གི་བསྐྱོད་པ་ལྔ་དང་། གཞི་རིམ་གྱི་འཕྲལ་བསྟུན་འཁྲབ་སྦྱོང་། འགོག་རྐྱེན་ལེབ་བཤེར་བཅོས་སྐྱོང་སོགས་ལས་དོན་སོ་སོ་མུ་མཐུད་གཏིང་ཟབ་ཏུ་སྤེལ་རྒྱུ་མ་ཟད། གཞི་རིམ་གྱི་གནོད་འགོག་གནོད་འཕྲིའི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བ་དང་། གྲོང་གསེབ་སྡེ་ཁུལ་གྱི་བདེ་འཇགས་ཆུ་ཚད་མཐོར་འདེགས་བཏང་ནས། མི་རེ་རེས་བདེ་འཇགས་གླེང་བ་དང་། མི་རེ་རེས་འཕྲལ་བསྟུན་ཤེས་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་པོ་ཞིག་བསྐྲུན་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།