མཚོ་སྔོན་གློག་ཤུགས་མ་ལག་གསར་པ་ཞིབ་འཇུག་ལྟེ་གནས་བཙུགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཀྲུང་གོ་གསར་འགྱུར་དྲ་བ་ཟི་ལིང་ནས་ཟླ10པའི་ཚེས9ཉིན་གློག་འཕྲིན་འབྱོར་གསལ། ཚེས9ཉིན་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་བཙུགས་པའི་མཚོ་སྔོན་གློག་ཤུགས་མ་ལག་གསར་པ་ཞིབ་འཇུག་ལྟེ་གནས་བཙུགས།

ལྟེ་གནས་དེའི་འོག་ཏུ་གློག་ཁུངས་སྣ་མང་དང་། ཐེག་ཚད་དང་ནུས་གསོག ཐཱན་གཉིས་འཕེལ་རྒྱས་བཅས་ཞིབ་འཇུག་ཁང་3བཙུགས་ནས“ཁུངས་དང་། དྲ་བ། ཁུར་པ། གསོག་འཇོག ཐཱན་བཅས་ལ་ཁྱབ་པའི་འབྲེལ་ཐག་ཧྲིལ་པོའི་ཞིབ་འཇུག་མ་ལག་བཙུགས་ནས་གཞི་ཁྱོན་ཅན་གྱི་འོད་གསོག་གློག་དྲ་ཞན་པའི་གློག་གནོན་བརྟན་པོ་དང་ཟློས་ཡངས་འདར་ཡོམ་ལྟ་ཞིབ་ཚད་ལེན་སྲུང་སྐྱོང་སོགས་འགག་རྩའི་ལག་རྩལ་གཙོ་གནད་ཐོག་འགག་སྒྲོལ་བྱས་ཡོད་པ་རེད།

ལས་དོན་མི་སྣས་ཞིང་ཆེན་ནང་ཁུལ་གྱི་ནུས་རྒྱུ་གཙང་མའི་གློག་ཁང་གི་གྲངས་གཞི་ཆ་ཚང་དང་དེ་བཞིན་རྩིས་ཤུགས་ལྟེ་གནས་ཀྱི་གྲངས་གཞི་རྒྱ་ཁྱབ་ངང་བསྡུ་རུབ་དང་བསྡུ་སྒྲིལ་གཏིང་ཟབ་བྱས་པ་དེ་རེད། 

མཚོ་སྔོན་གློག་ཤུགས་མ་ལག་གསར་པ་ཞིབ་འཇུག་ལྟེ་གནས་ཀྱིས་མཚོ་སྔོན་ཞིང་ཆེན་རིག་གྲོས་ཐཱན་གཉིས་གྲངས་གཞི་ཆེན་པོའི་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་ནུས་རྒྱུ་གཙང་མ་དང་ལྗང་མདོག་རྩིས་ཤུགས་བཀོད་གཏོང་ལྟེ་གནས་ཀྱི“གྲངས་གཞིའི་འབྱུང་ཁུངས་ལས་སྟེགས”ཆེན་པོ་གཉིས་མཉམ་འགུལ་བྱས་ཏེ་ཀུའེ་ནན་གློག་ཤུགས་མ་ལག་གསར་པའི་ཚན་ཞིབ་ར་སྤྲོད་རྟེན་གཞི་དེ“ཚོད་ལྟའི་བཟོ་གྲྭར”བྱས་ནས“གྲངས་གཞི་དབྱེ་ཞིབ་དང་ཚོད་ལྟའི་ར་སྤྲོད་”གཞི་གཅིག་ཅན་གྱི་ཚན་ཞིབ་མ་ལག་ཤུགས་ཆེན་བཙུགས་ནས་ཚན་ཞིབ་གྲུབ་འབྲས་ས་གནས་ས་ཐོག་ཏུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།

མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཁུལ་གལ་ཆེན་ཞིག་ཡིན། མིག་སྔའི་བར་ཞིང་ཆེན་དེའི་ནུས་རྒྱུ་གཙང་མའི་འཕྲུལ་འཁོར་སྒྲིག་སྦྱོར་བྱེད་ཚད་ཆན་ཝ་ཁྲི་8000ལས་བརྒལ་ནས་ཆན་ཝ་ཁྲི་8036.86ཟིན་པ་དེས་འཕྲུལ་འཁོར་སྒྲིག་སྦྱོར་བྱེད་ཚད་བསྡོམས་འབོར་གྱི་91.96%བཟུང་ཡོད་པ་རེད། དེའི་ནང་ནུས་རྒྱུ་གསར་པའི་སྒྲིག་སྦྱོར་འཕྲུལ་འཁོར་གྱིས་73.18%བཟུང་བ་དང་། ནུས་རྒྱུ་གསར་པའི་གློག་གཏོང་ཚད་ཀྱིས་ཞིང་ཆེན་ཡོངས་ཀྱི་གློག་གཏོང་ཚད་ཀྱི་52.2%བཟུང་བ། ནུས་རྒྱུ་གསར་པའི་སྒྲིག་སྦྱོར་འཕྲུལ་འཁོར་དང་གློག་གཏོང་ཚད་ཀྱིས་བཟུང་བའི་བསྡུར་ཚད་ཀྱི“གཙོ་གཟུགས་གཉིས”ཀྱི་གནས་བབ་རྒྱུན་ཆད་མེད་པར་སྲ་བརྟན་དུ་

མཚོ་སྔོན་གྱིས་གློག་དྲའི་ནུས་རྒྱུ་གསར་པའི་བསྡུར་ཚད་མཐོ་བའི་ཁྱད་ཆོས་ལ་གཞི་ཚུགས་ནས“ཞིང་ཆེན་ནང་ཁུལ་གྱི་དྭངས་གཙང་བློས་འགེལ་ཆོག་པའི་མཁོ་སྤྲོད་འགན་ལེན་དང་ཆུ་ཚད་མཐོ་བའི་བསྡུ་ལེན། ཞིང་ཆེན་ཕྱི་རོལ་གྱི་གཞི་ཁྱོན་ཆེ་བའི་དྭངས་གཙང་སྐྱེལ་འདྲེན”བཅས་འཁོར་ལོ་གཉིས་ཀྱི་སྐུལ་འདེད་མཐའ་འཁྱོངས་བྱས་ནས་གློག་དྲ་གསར་པ་དང་། རིག་ནུས་སྙོམས་སྒྲིག གྲངས་གཞིའི་ནུས་པ་སྤྲོད་རྒྱུ་སོགས་ཁྱབ་ཁོངས་སུ་རང་བརྟེན་གསར་གཏོད་ཀྱི་གྲུབ་འབྲས་མང་པོ་ཐོབ་ཡོད་མོད། འོན་ཀྱང་ཁྱབ་ཁོངས་ཁག་གཅིག་ལ་རྒྱལ་ཁབ་ཕྱི་ནང་དུ་ཐད་ཀར་དཔྱད་གཞིར་འཛིན་ཐུབ་པའི་ཉམས་མྱོང་གནད་སྨིན་འཐུས་ཚང་མེད་པའི་དབང་གིས་གློག་ཤུགས་མ་ལག་གསར་པ་འཛུགས་སྐྲུན་བྱ་རྒྱུ་དེ“ཆུ་གཏིང་ཁུལ”དང“མི་མེད་ཁུལ”དུ་རིམ་བཞིན་སྐྱོད་བཞིན་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། གཞི་ཁྱོན་ཆེ་ཞིང་བསྡུར་ཚད་མཐོ་བའི་ནུས་རྒྱུ་གསར་པ་དྲ་སྦྲེལ་དང་སྦྲེལ་མཐུད་བྱས་པ་དེས་ནུས་རྒྱུ་དང་གློག་ཤུགས་ལྗང་མདོག་འཕེལ་རྒྱས་ལ་གོ་སྐབས་གལ་ཆེན་འཕྲད་ཡོད་ལ་གློག་དྲ་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་བྱ་རྒྱུར་རྙོག་འཛིང་ཆེ་བའི་འགྲན་སློང་ཡང་འཕྲད་ཡོད། ལྟེ་གནས་དེ་བཙུགས་པ་དེ་ནི་ལག་རྩལ་གྱི་འཇུར་མིག་ལས་བརྒལ་བ་དང་འཕེལ་རྒྱས་ཀྱི་རང་འགུལ་ཐོབ་པ་བྱེད་པའི་དངོས་ཡོད་ཀྱི་དགོས་མཁོ་ཞིག་རེད།

མཚོ་སྔོན་གློག་ཤུགས་མ་ལག་གསར་པ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲེན་ཞུའེ་ཡིས“ལྟེ་གནས་ཀྱིས་ནུས་རྒྱུ་གསར་པ་གསར་སྤེལ་དང་། ནུས་གསོག་ལག་རྩལ་གསར་པ་བེད་སྤྱོད། གློག་ཤུགས་ཐཱན་འབུད་ཚོད་རྩིས་སོགས་ཀྱི་རྣམ་གྲངས་ཞིབ་འཇུག་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་ནས་ནུས་རྒྱུ་གསར་པ་དྲ་སྦྲེལ་བསྡུ་ལེན་དང་གློག་ཤུགས་མཁོ་འདོན་འགན་ལེན་སོགས་ཀྱི་དོ་དམ་ལམ་སྲོལ་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་རྒྱུ་ཡིན”ཞེས་ངོ་སྤྲོད་བྱས་པར་གཞིགས་ན། ལྟེ་གནས་ཀྱིས་གློག་ཁུངས་བཀོད་སྒྲིག་དང་། གློག་དྲའི་འཆར་འགོད། ཐེག་ཚད་དོ་དམ། ནུས་གསོག་བེད་སྤྱོད། ནུས་རྒྱུ་གྲོན་ཆུང་དང་ཐཱན་འབེབས་སོགས་ཀྱི་ལག་རྩལ་ཞིབ་འཇུག་བྱ་གཞི་གཙོ་གནད་ཐོག་ལག་བསྟར་བྱས་ནས་གློག་ཤུགས་མ་ལག་གསར་པ་འཛུགས་སྐྲུན་བྱེད་པར་དཔྱད་གཞིར་འཛིན་ཆོག་པའི་ལག་ལེན་གྱི་ཉམས་མྱོང་མཁོ་འདོན་བྱ་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།