ཟླ10པའི་ཚེས11ཉིན། ཟི་ལིང་ནས་ན་གོར་མོའི་བར་འགྲོ་འོང་བྱེད་པའི་སྒུལ་འཁོར་ཚན་ཆུང་གིས་བརྗོད་གཞི་ཅན་གྱི་རིམ་སྤོར་ཡོངས་སུ་འགྲུབ་པ་དང་། འཁོར་སྒམ་གྱི་གསར་བརྗེའི་བརྡ་སྦྱོར་དང་སྒེའུ་ཁུང་སྦྱར་ཤོག ལམ་ཆས་སྒྲོམ་གྱི་འགྲེམ་པང་བཅས་སྔར་ལས་མིག་ལམ་དུ་གསལ་ལེར་སྣང་། ཉིན་དེར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གསར་བརྗེའི་རིག་གནས་བརྗོད་གཞི་ཡིན་པའི་མེ་འཁོར་ཐོག་མ་དངོས་སུ་བཏང་།
མཚོ་བོད་ལྕགས་ལམ་ནི་ལམ་གཉིས་ཀྱི་སྙིང་སྟོབས་ཐེག་པའི་མཚོན་བྱེད་རང་བཞིན་གྱི་གསར་བརྗེའི་ཐེག་ནུས་ཡིན་ལ། ཚྭ་འདམ་གཤོང་ས་བརྒྱུད་པའི་འགྲིམ་འགྲུལ་གྱི་སྒེའུ་ཁུང་གལ་ཆེན་ཞིག་ཡིན་ཕྱིར། འགྲུལ་བ་མང་ལ་ཁེབས་ཚད་ཆེ། དེ་དང་མཉམ་དུ། མཚོ་ནུབ་ཁུལ་གྱི་གསར་བརྗེའི་ཐོན་ཁུངས་ཀྱི་ནང་དོན་ཕུན་སུམ་ཚོགས་ལ། ལམ་གཉིས་སྙིང་སྟོབས་དང་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་གྱི་འབད་འཐབ་ལོ་རྒྱུས། རྒྱང་སྐྱོད་ཀྱི་གསར་བརྗེའི་རྗེས་ཤུལ་བཅས་ཀྱིས་ཚྭ་འདམ་གཤོང་གི་ས་གཞི་ཆེན་མོའི་རྩ་ཆེའི་སྙིང་སྟོབས་ཆགས་པར་བྱས། ཐེངས་འདིའི་མེ་འཁོར་ཐོག་མ་གཏོང་བའི་དམིགས་ཡུལ་ནི་གསར་བརྗེའི་རིག་གནས་དང་ལམ་གཉིས་སྙིང་སྟོབས་དེ་མཐོང་ཐུབ་ལ་ཚོར་ཐུབ་པ་དང་། བརྒྱུད་སྒྲོག་ཐུབ་པ་བཅས་ཀྱི་བརྗོད་གཞིའི་དྲིལ་སྒྲོག་ཐོན་རྫས་སུ་བསྒྱུར་ནས། གསར་བརྗེའི་རིག་གནས་དེ་མེ་འཁོར་གྱི་འགྲོས་དང་བསྟུན་ནས་མི་སྔར་ལས་མང་པོའི་སེམས་སུ་འཇགས་ཐུབ་ཆེད་ཡིན།
ཐེངས་འདིའི་གསར་བརྗེའི་རིག་གནས་མེ་འཁོར་གྱི་བརྗོད་གཞི་དྲིལ་སྒྲོག་བྱེད་སྒོ་ནི་མཚོ་ནུབ་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡིས་འཆར་འགོད་བྱས་པ་དང་། མཚོ་ནུབ་བརྒྱུད་ནས་འགྲོ་འོང་བྱེད་པའི་འགྲུལ་སྐྱེལ་མེ་འཁོར་གཙོ་བོར་གསར་བརྗེ་བརྗོད་གཞི་ཡིན་པའི་བར་སྟོང་བསྐྲུན་པ་སྟེ། འཁོར་སྒམ་བརྒྱད་ལ་བརྡ་ཁྱབ་ཉེར་བདུན་དང་སྒེའུ་ཁུང་སྦྱར་ཤོག་ཉེར་བདུན། ལམ་ཆས་སྒྲོམ་གྱི་འགྲེམ་པང་བརྒྱ་དང་རེ་བརྒྱད། མདུན་ཅོག་སྦྱར་ཤོག་ལྔ་བརྒྱ་བཞི་བཅུ། སྔས་ཤུབས་ལྔ་བརྒྱ་གྱ་བརྒྱད་བཅས་བཀོད་སྒྲིག་བྱས་པར་བརྟེན། འཁོར་སྒམ་གྱི་ཕྱོགས་ཡོངས་སུ་ཁེབས་ཡོད། ཡུལ་སྐོར་བ་མེ་འཁོར་དུ་བུད་མ་ཐག་གསར་བརྗེའི་འགྲེམ་སྟོན་ཁུལ་དུ་སླེབས་པ་ལྟ་བུའི་ཚོར་བ་སྟེར་སྲིད་ལ། ཡུལ་སྐོར་གྱི་ལམ་བར་དུ་ཚྭ་འདམ་གཤོང་གི་སྤྱིར་བཏང་མ་ཡིན་པའི་གསར་བརྗེའི་ལོ་ཟླར་ཕྱིར་དྲན་བྱས་ཏེ་ལམ་གཉིས་ཀྱི་སྙིང་སྟོབས་ཉམས་སུ་མྱོང་ཐུབ།