ཟླ10པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། སྨན་རྫས་ལྟ་སྐུལ་དོ་དམ་དང་དམངས་ཕན་ཞབས་ཞུའི་མ་ལག་རྒྱུན་མཐུད་ངང་ལེགས་བསྒྱུར་དང་། གཞི་གྲངས་མང་དུ་གཏོང་བ་དང་མང་ཚོགས་ལ་སྟབས་བདེ་བཟོ་ཆེད། ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་བཏོད་པའི“སྨན་ཚབ་ཉོ”ཞེས་པའི་སྐད་འཕྲིན་གྱི་བྱ་རིམ་ཆུང་བ་དྲ་ལམ་ནས་སྤྱོད་འགོ་བརྩམས་པ་དེ་ནི། སྨན་རྫས་ལྟ་སྐུལ་དོ་དམ་ཞབས་ཞུ་དེ“ཆ་ཚང་བར་སྒྲུབ་པ་དང་། དུས་ངེས་མེད་དུ་སྒྲུབ་པ། སྟབས་བདེ་བའི་ངང་སྒྲུབ་པ”བཅས་ཀྱི་གྲངས་འཛིན་ཅན་གྱི་སྐས་རིམ་གསར་པར་སླེབས་པའི་མཚོན་རྟགས་ཤིག་ཡིན།
ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་མང་ཚོགས་ཀྱི“སྨན་རྫས་ཞིབ་བཤེར་བྱེད་དཀའ་བ་དང་། སྨན་རྫས་འཚོལ་དཀའ་བ། བློ་འདྲི་བྱེད་དཀའ་བ”སྨན་རིན་གྱི་ཧེ་བག་ཆེ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། ལྟ་སྐུལ་དོ་དམ་གྱི་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ཏེ་རིག་སྟོབས་ཀྱི་སྨན་རྫས་ལྟ་སྐུལ་དོ་དམ་འཛུགས་སྐྲུན་བྱས་ཡོད། ད་རེས་དྲ་ལམ་ནས་སྤྱོད་འགོ་བརྩམས་པའི“སྨན་ཚབ་ཉོ”ཞེས་པའི་སྐད་འཕྲིན་གྱི་བྱ་རིམ་ཆུང་བ་དེ་འཆར་ངོས་གྲལ་དག་ལ། སྤྱོད་བདེ་བ་དང་། བྱེད་ནུས་ལ་བེད་སྤྱོད་ཀྱི་རིན་ཐང་ལྡན་པ། ཕབ་ལེན་དང་སྒྲིག་སྦྱོར་བྱེད་མི་དགོས་པར་སྤྱོད་མཁན་གྱིས་སྐད་འཕྲིན་ནང་འཚོལ་བཤེར་བྱས་ཆོག་པ་ཡིན་ལ། བྱ་རིམ་ཆུང་བ་དེས་སྨན་རྫས་ལྟ་སྐུལ་དོ་དམ་གྱི་ལྟེ་བའི་ཞབས་ཞུར་དམིགས་ནས། རྒྱུན་སྤྱོད་དང་དངོས་སྤྱོད་ཀྱི་བྱེད་ནུས་མང་པོ་བསྡུ་སྒྲིལ་བྱས་ཏེ། སྨན་རྫས་སྲིད་ཇུས་འདྲི་རྩད་དང་། སྨན་རྫས་རིན་གོང་ཞིབ་བསྡུར། སྨན་དོན་བློ་འདྲི། སྨན་རྫས་ཚོང་ཁང་གི་སྨན་རྫས་འཚོལ་བཤེར། ཞུ་གཏུག་དང་ཐེར་འདོན་རྒྱུད་ལམ་སོགས་ཚུད་ཡོད་པར་མ་ཟད། མང་ཚོགས་ཀྱི་རྒྱུན་གཏན་སྨན་སྤྱོད་བློ་འདྲི་དང་། སྨན་རྫས་ཁེ་ལས་ཀྱིས་ལས་དོན་སྒྲུབ་པ། མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་གི་རེ་ཞུ་སོགས་རྣམ་པ་མང་བོ་འདས་ཡོད། བྱ་རིམ་ཆུང་བའི་ནང་རྒྱུན་མཁོའི་སྨན་རྫས་ཀྱི་རིགས1200ཕྱོགས་བསྡུས་བྱས་ཡོད་ལ། རིན་གོང་ཞིབ་བཤེར་དང་། སྨན་རྫས་ཚོང་ཁང་འཚོལ་ཞིབ། རོགས་རམ་འཚོལ་ཞིབ། བློ་འདྲི་འཚོལ་ཞིབ་བཅས“ཞིབ་བཤེར་གཅིག་དང་འཚོལ་ཞིབ་གསུམ”མངོན་འགྱུར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མུ་འབྲེལ་ཚོང་ཁང500ལྷག་དང་སྦྲེལ་མཐུད་སྒོས། དུས་མཉམ་དུ“བསྐྱོད་པ་དྲུག”གི་ཁྱབ་གདལ་བྱེད་སྒོ་སྤེལ་ནས། མང་ཚོགས་ཀྱིས་སྨན་ཉོ་སྒྲུབ་བྱེད་པར་སྔར་ལས་ཁ་གསལ་ལ། སྔར་ལས་སྟབས་བདེ་བོ་བཟོས་ཡོད་པ་དང་། སྨན་ཉོ་སྒྲུབ་ཀྱི་འདམས་ཀ་མང་དུ་བཏང་སྟེ། མང་ཚོགས་ལ་སྟབས་བདེ་དང་ཁེ་ལས་ཕན་བདེ་བསྐྲུན་པའི་བྱེད་ཐབས་དོན་འཁྱོལ་བྱས་ཡོད།
ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས“སྨན་ཚབ་ཉོ”ཞེས་པའི་སྐད་འཕྲིན་གྱི་བྱ་རིམ་ཆུང་བའི་བྱེད་ནུས་མུ་མཐུད་དུ་ལེགས་བསྒྱུར་བྱས་ཏེ། ཞབས་ཞུའི་ནང་དོན་ཕུན་སུམ་ཚོགས་པར་བྱེད་པ་དང་བེད་སྤྱོད་བྱེད་ནུས་མཐོར་འདེགས་གཏོང་བ། ཉེར་མཁོའི་ཞབས་ཞུའི་ནང་དོན་མུ་མཐུད་དུ་གསར་སྣོན་དང་བཀོལ་སྤྱོད་ལས་རིམ་ལེགས་བསྒྱུར་བྱས་ཏེ། སྤྱོད་མཁན་གྱི་བེད་སྤྱོད་མྱོང་ཚོར་མཐོར་འདེགས་གཏོང་བ། སྔར་ཡོད་ཀྱི་ཞབས་ཞུའི་ཞན་ཆ་ཁ་གསབ་དང་། སྨན་རྫས་ལྟ་སྐུལ་དོ་དམ་གྱི་ཞབས་ཞུའི་ཐབས་ལམ་རྒྱ་བསྐྱེད་ནས། མང་ཚོགས་ཀྱི་སྨན་སྤྱོད་བདེ་འཇགས་ལ་སྲུང་སྐྱོང་བྱས་ཏེ། སྟོང་ཆ་མེད་པའི་སྨན་རྫས་ལྟ་སྐུལ་དོ་དམ་གྱི་ཞབས་ཞུ་དང་། མང་ཚོགས་ལ་སྟབས་བདེ་དང་ཁེ་ལས་ལ་ཕན་བདེ་བསྐྲུན་པ་མངོན་འགྱུར་བྱེད་རྒྱུ་རེད།