མཚོ་ནུབ་ཁུལ་གྱིས་སྒོར་ས་ཡ་གཉིས་འབུམ་ལྔ་ཁྲི་བདུན་སྟོང་བདུན་བཞི་བརྒྱ་བཏང་སྟེ་གུང་གསེང་སྐབས་ཀྱི་ཁྲོམ་རའི་འཛད་སྤྱོད་ལ་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ་མཆོད་དང་རྒྱལ་སྟོན“དུས་ཆེན་གཉིས”ཀྱི་འཛད་སྤྱོད་གོ་སྐབས་དང་བསྟུན་ནས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཚོང་དོན་ཅུས་ཀྱིས2026ལོའི“ཚྭ་འདམ་གཤོངས་གི་སྟོན་མཇུག་འཛད་སྤྱོད་དུས་ཚིགས”ཞེས་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་ཁག་བཞི་པ་སྤེལ། མཚོ་ནུབ་ཁུལ་གྱིས་ཞིང་ཆེན་དང་ཁུལ་རིམ་པ་གཉིས་ཀྱི་ནོར་སྲིད་མ་དངུལ་སྒོར་ས་ཡ་གཉིས་འབུམ་ལྔ་ཁྲི་བདུན་སྟོང་བདུན་བཞི་བརྒྱ་གཅིག་གྱུར་འཆར་འགོད་དང་སྡེབ་སྒྲིག་བྱས་ཏེ། ཡུན་ཧྲན་ཧྥུའུ་མཉེན་ཆས་དང་འཛུགས་སྐྲུན་དངུལ་ཁང་གི་འཚོ་བའི་མཉེན་ཆས། ཧི་པའོ་སོགས་ལས་སྟེགས་ལ་བརྟེན་ནས་ཁ་གསབ་དང་འཛད་སྤྱོད་འཛིན་ཤོག་སྤྲོད་པ་དང་། སྲིད་ཇུས་ཀྱི་ནུས་འདོན་དང་ཡུལ་རྣམ་གསར་གཏོད་ཟུང་འབྲེལ་གྱི་སྒུལ་ཤུགས་ལ་བརྟེན་ནས། སྟོན་མཇུག་གི་འཛད་སྤྱོད་ཁྲོམ་རའི་སྦས་ཤུགས་འདོན་སྤེལ་དང་། ཁུལ་ཡོངས་ཀྱི་ཚོང་དོན་དཔལ་འབྱོར་སྤུས་འདེགས་དང་ནུས་མཐོ་གཏོང་བར་རམ་འདེགས་བྱས།

དེ་སྔའི་འཛད་སྤྱོད་སྐུལ་འདེད་ཀྱི་བྱེད་སྒོ་དང་བསྡུར་ན། ཐེངས་འདིའི་བྱེད་སྒོ་རུ་ཡུན་ཧྲན་ཧྥུའུ་མཉེན་ཆས་དང་། འཛུགས་སྐྲུན་དངུལ་ཁང་གི་འཚོ་བའི་མཉེན་ཆས། ཧི་པའོ་སོགས་ལས་སྟེགས་ལ་བརྟེན་ནས་ཁུལ་ནང་ཁུལ་གྱི་ཚོང་ཁང་མང་བོ་རྒྱ་ཁྱབ་ངང་ཞུགས་རྒྱུར་སྐུལ་སློང་བྱས་ཏེ། གནད་ཁེལ་ངང་མི་དམངས་ལ་ཕན་བདེ་བསྐྲུན་པའི་ཁྱད་ཆོས་སྔར་ལས་མངོན་གསལ་ཡིན། རླངས་འཁོར་ཉོ་བར་སྒོར3000ནས5000བར་གྱི་རིམ་དབྱེའི་ཁ་གསབ་སྤྲོད་པ་དང་། ཚང་ཁྲོམ་དང་བཟའ་བཏུང་། རྡོ་སྣུམ་བཅས་ཀྱི་གློག་རྡུལ་འཛད་སྤྱོད་འཛིན་ཤོག་སྟེང“དུས་ཆེན་གཉིས”ཀྱི་དམངས་ཕན་འཛིན་ཤོག་བསྣན་ནས། དུས་ཆེན་གྱི་ཉོ་སྒྲུབ་དང་ཕྱིར་སྐྱོད་སྣུམ་སྣོན་གཉིས་ཡོངས་སུ་ཁེབས་ཡོད། ཁྱིམ་སྡོད་ཁམས་གསོའི་རིག་སྟོབས་འཛིན་ཤོག་བཏོན་ཏེ་རིག་ནུས་ཁྱིམ་སྤྱོད་གློག་ཆས་དང་ཁྱིམ་ཆས་མཉེན་ཆས། རྒན་པའི་ཁམས་གསོའི་ཡོ་བྱད་བཅས་རིམ་པ་མང་པོའི་ཁ་གསབ་བཀོད་སྒྲིག་བྱས་ཡོད། དེ་དང་མཉམ་དུ་སྟོན་དུས་ཀྱི་རིག་སློབ་དང་གངས་འཁྱག་ཡུལ་སྐོར་ཞག་སྡོད་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་ཏེ། རིག་གནས་དང་ལུས་རྩལ་གྱི་གྲངས་འཛིན་འཛད་སྤྱོད་སྤ་སེ་དང་གངས་འཁྱག་ཞག་སྡོད་སྤ་སེ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཚོང་དོན་དང་རིག་གནས་ཡུལ་སྐོར། དམངས་འཚོའི་འཛད་སྤྱོད་བཅས་གཞི་གཅིག་ཏུ་སྦྲེལ་ཡོད།  

དེ་དང་ཆབས་ཅིག་ས་ཁུལ་ཁག་གིས་ཆ་ཚང་བའི་བྱེད་ཐབས་ཞིབ་ཕྲ་བཟོས་ནས་དོན་འཁྱོལ་ལ་སྐུལ་འདེད་བཏང་། གོར་མོ་ཡིས“རྒྱལ་སྟོན་གྱི་གཟིགས་སྐྱོང་ཆེན་པོ·རླངས་འཁོར་ཉོ་སྒྲུབ་དུས་ཆེན”ཞེས་པའི་ཡུལ་དངོས་རླངས་འཁོར་འགྲེམས་སྟོན་དུ“སྟོན་མཇུག་གི་ལོངས་སྤྱོད། གོར་མོའི་འཛད་སྤྱོད”ཞེས་པའི་སྤྱི་སྤྱོད་དང་སྣུམ་རྫས། མངག་སྐྱེལ་བཅས་ཀྱི་འཛིན་ཤོག་སྤྲད་པར་མ་ཟད། གཟེབ་གྲུག་གི་རིམ་མཚུངས་མཉམ་འགྲན་ལ་བརྟེན་ནས་རིག་གནས་ཡུལ་སྐོར་གྱི་ལུས་རྩལ་འཛིན་ཤོག་སྤྲད། གཏེར་ལེན་ཁ་ཡིས་དུས་མཚམས་དབྱེ་ནས“སྙན་ངག་གྲོང་གི་སྟོན་མཇུག”ཞེས་པའི་ཟླ་མཆོད་དང་རྒྱལ་སྟོན་དུས་ཆེན་གཉིས་ཀྱི་རེས་སྐོར་གཉིས་ཀྱི་སྤྱི་སྤྱོད་འཛིན་ཤོག་བཏོན། ཏུའུ་ལན་དང་ཝུའུ་ལན། ཐེམ་ཆེན་བཅས་རྫོང་སོ་སོས་ཀྱང་ཚོང་ཁྲོམ་དང་བཟའ་བཏུང་། ཞག་སྡོད། ཁྱིམ་སྤྱོད་གློག་ཆས་སོགས་ལ་དམིགས་ཏེ་ཁ་གསབ་འཛིན་ཤོག་སྤྲད་དེ། ས་ཁོངས་ཡོངས་ལ་ཁྱབ་པའི་དམངས་ཕན་འཛད་སྤྱོད་ཀྱི་རྣམ་པ་ཞིག་ཆགས་པར་བྱས།

དེ་མིན། མཚོ་ནུབ་ཁུལ་གྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྦྲེལ་ཐག་ཧྲིལ་པོའི་འགན་ལེན་ལ་ཤུགས་བསྣན་ཏེ། སྲིད་དོན་སྨྱན་སྦྱོར་གསར་པ་དང་སྨྱན་སྦྱོར་མཉམ་འདྲེས་ཀྱི་ཐབས་ལམ་སྤྱད་དེ་སྲིད་ཇུས་སྒྲོག་འགྲེལ་དང་འཛད་སྤྱོད་འཛིན་ཤོག་གི་སྒྲིག་སྲོལ་ཁྱབ་གདལ་བཏང་བ་དང་། རྒྱུན་རྣམ་ཅན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སྤེལ་ནས་དམངས་ཡོངས་ཉོ་སྒྲུབ་ལ་དགའ་བའི་རྣམ་པ་བསྐྲུན། ཁྲོམ་རའི་བདེ་འཇགས་ཀྱི་མཐའ་ཚད་ནན་སྲུང་དང་འཛད་སྤྱོད་ཁོར་ཡུག་ལེགས་བསྒྱུར། བསྐྱར་འཕར་གྱི་རྣམ་པ་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་ཕན་ནུས་རྒྱུན་མཐུད་ངང་འདོན་སྤེལ་བྱས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།