རྐང་ཚ་རྫོང་གི་ལས་ཞུགས་ཀྱི་གཙོ་གནད་དམིགས་ཚད་མང་པོ་ལེགས་འགྲུབ་བྱུང་།

ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།

ཟླ9པའི་ཟླ་མཇུག་བར། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་ལས་ཞུགས་ཞབས་ཞུ་ཅུས་ཀྱིས་ཚོགས་པ་གཙོ་བོའི་ལས་ཞུགས་རོགས་སྐྱོར་གྱི་ཡུན་ཕན་རྐྱེན་སྲོལ་ལ་བརྟེན་ནས། ལས་ཞུགས་ལ་དཀའ་ཁག་ཡོད་པའི་མི་སྣ་དང་དབུལ་ཐར་ངལ་རྩོལ་ནུས་ཤུགས་སོགས་ཀྱི་ཚོགས་པའི་གནད་འཁེལ་རོགས་སྐྱོར་བྱ་བར་སྐུལ་འདེད་ནན་མོ་བཏང་བས། ལས་ཞུགས་ཀྱི་དམིགས་ཚད་སོ་སོའི་བསྒྲུབ་པའི་རྣམ་པ་བཟང་ཞིང་། གཙོ་གནད་དམིགས་ཚད་མང་པོ་ཚད་ལས་བརྒལ་ནས་ལེགས་འགྲུབ་བྱུང་།

རྐང་ཚ་རྫོང་གིས་རྒྱུན་རྣམ་ཅན་གྱིས་ཉིན་བརྒྱར་ལས་གནས་ཁྲི་སྟོང་འདོན་སྤྲོད་བྱེད་པའི་དྲ་རྒྱའི་གདན་འགུག་སོགས་ཆེད་དམིགས་འགུལ་སྐྱོད་སྤེལ་བ་རྒྱུན་འཁྱོངས་བྱས་ཏེ། གྲོང་རྡལ་དང་གྲོང་གསེབ་ཀྱི་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད། མི་སྣ་གཙོ་བོའི་འགུལ་རྣམ་རྩིས་ཐོ་བཟོས་པ་བརྒྱུད་ནས། གཅིག་གཏད་གཅིག་གི་ལས་གནས་ངོ་སྤྲོད་དང་སྲིད་ཇུས་སྒྲོག་འགྲེལ། ལས་ཞུགས་མཛུབ་སྟོན་སོགས་ཞིབ་ཚགས་ཅན་གྱི་ལས་ཞུགས་དངོས་འབེབས་བྱས་པ་དང་། ཚོགས་པ་གཙོ་བོའི་ལས་ཞུགས་འགན་སྲུང་དྲ་རྒྱ་ཚགས་དམ་པོར་བསྐྲུན། རྫོང་ཡོངས་ཀྱི་གྲོང་རྡལ་དང་གྲོང་གསེབ་ཀྱི་ལས་ཞུགས་མི་སྣ་བཞི་བརྒྱ་དང་ང་དྲུག་འཕར་བ་དང་། ལོ་འཁོར་གྱི་ལས་འགན་ལས་བརྒྱ་ཆའི་བརྒྱ་དང་བཅུ་དྲུག་དང་གྲངས་ཆུང་དགུ་གཉིས་ལེགས་འགྲུབ་བྱུང་། གྲོང་རྡལ་དང་གྲོང་གསེབ་ཀྱི་ལས་ཤོར་མི་སྣ་བརྒྱ་ཡིས་ཡང་བསྐྱར་ལས་ཞུགས་བྱས་པ་དང་། ལོ་འཁོར་གྱི་ལས་འགན་ལས་བརྒྱ་ཆའི་བརྒྱ་དང་བཅུ་གཅིག་དང་་གྲངས་ཆུང་བཅུ་གཅིག་ཡོངས་སུ་འགྲུབ། གྲོང་རྡལ་དང་གྲོང་གསེབ་ཀྱི་ལས་ཞུགས་ལ་དཀའ་ཁག་ཡོད་པའི་མི་སྣ་ཉེར་བཞིས་ཡང་བསྐྱར་ལས་ཞུགས་བྱས་པ་དང་། ལོ་འཁོར་གྱི་ལས་འགན་ལས་བརྒྱ་ཆའི་བརྒྱ་དང་ཉི་ཤུ་ལེགས་འགྲུབ་བྱུང་། རྫོང་ཡོངས་ཀྱི་ལས་ཤོར་ཐོ་འགོད་ཚད་བརྒྱ་ཆའི་གཉིས་དང་གྲངས་ཆུང་གསུམ་གསུམ་ལ་ཚོད་འཛིན་བྱས་ཤིང་། ལས་ཞུགས་ཀྱི་སྤྱིའི་གནས་བབ་བརྟན་བརླིང་རིམ་ལྡན་དང་ཉེན་ཁ་ཚོད་འཛིན་ཐུབ་པ་ཞིག་རེད།

རྫོང་ཁོངས་ཀྱི་ཐོན་ལས་དགོས་མཁོར་དམིགས་ནས་མངགས་ཐོའི་རྣམ་པ་དང་ཁ་གཏད་རྣམ་པའི་གསོ་སྦྱོང་བྱས་པ་དང་། རིག་གནས་ཡུལ་སྐོར་ཞབས་ཞུ་དང་སྐྱེ་ཁམས་དོ་སྲུང་། ཁྱད་ལྡན་འདེབས་གསོ་སོགས་ཁྱབ་ཁོངས་ལ་གཞིགས་ཏེ་གནད་འཁེལ་ཐབས་ལམ་ལག་ཏུ་བསྟར་ཞིང་། རྩལ་ནུས་ཀྱི་སྟོབས་ནུས་བསྩལ་བར་བརྟེན་ནས་མང་ཚོགས་ཀྱི་ལས་ཞུགས་འགྲན་རྩོད་ནུས་པ་ཆེ་རུ་བཏང་། བསྡོམས་པས་ལས་རིགས་ལག་རྩལ་གསོ་སྦྱོང་མི་ཐེངས་ཉིས་བརྒྱ་ལྔ་བཅུ་སྤེལ་བ་དང་། ལོ་འཁོར་གྱི་ལས་འགན་ལས་བརྒྱ་ཆའི་དགུ་བཅུ་དང་གྲངས་ཆུང་དགུ་གཅིག་ཡོངས་སུ་འགྲུབ། དེ་དང་མཉམ་དུ། ས་གནས་སུ་ལས་ཞུགས་བྱེད་པ་དང་ཕྱི་ལོགས་སུ་ལས་ཀ་བྱེད་དུ་འགྲོ་བ་གཉིས་ཀར་བརྟེན་ནས། རྒྱུན་རྣམ་ཅན་གྱིས་ངལ་ལས་ཕྱིར་གཏོང་བྱ་བ་བསྒྲུབ་པ་དང་། ཁུལ་ཁོངས་བརྒལ་ནས་ལས་ཀ་བྱེད་མཁན་གྱི་འགྲིམ་འགྲུལ་ཁ་གསབ་སྲིད་ཇུས་དངོས་འབེབས་ནན་མོ་བྱས་ལ། རྐང་ཚའི་སྐྱེ་ཁམས་སྣེ་ཁྲིད་པའི་ཁྱད་ལྡན་ངལ་ལས་ཚོང་རྟགས་ལེགས་པོར་བསྐྲུན་ནས། ནུས་ཤུགས་ཡོད་རྒུས་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལས་ཞུགས་སུ་བསྒྱུར་བར་སྐུལ་འདེད་བཏང་། ཟླ9པའི་ཟླ་དཀྱིལ་བར། རྫོང་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལས་ཞུགས་སུ་བསྒྱུར་ཚད་མི་ཐེངས་སྟོང་གསུམ་དང་དྲུག་བརྒྱ་གོ་དྲུག་ལ་སླེབས་པ་དང་། ལོ་འཁོར་གྱི་ལས་འགན་ལས་བརྒྱ་ཆའི་གོ་གཉིས་དང་གྲངས་ཆུང་བཞི་ཡོངས་སུ་འགྲུབ།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།