ད་ལོ་ནས་བཟུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གི་རིམ་པ་གསུམ་པའི་ཟོང་འགྲུལ་མ་ལག་གི་དངོས་སྐྱེལ་ནུས་པ་མཐོར་འདེགས་ལས་གཞིའི་སྒྲིག་ཆས་བེད་སྤྱོད་བྱས་རྗེས་ཕན་འབྲས་མངོན་གསལ་ཐོབ་ཡོད་ལ། ས་གནས་དེ་གའི་ཞང་དང་གྲོང་རྡལ11དང་། སྲིད་འཛིན་སྡེ་བ99རུ་སྦྲག་སྲིད་ཤར་གཏོང་ཐུབ་པ་མངོན་འགྱུར་བྱས་ཏེ། ཆ་སྙོམས་ཉིན་རེའི་དངོས་ཟོག་སྐྱེལ་བའི་བར་ཐག་སྤྱི་ལེ2250ཟིན་ལ། ཆ་སྙོམས་ཉིན་རེར་མྱུར་སྐྱེལ49000ལྷག་ནང་འདྲེན་དང་། 900ལྷག་ཕྱིར་གཏོང་བྱེད་བཞིན་ཡོད།
གུང་ཧོ་རྫོང་གིས་རིམ་པ་གསུམ་པའི་དངོས་ཟོག་སྐྱེལ་འདྲེན་མ་ལག་གི་དངོས་སྐྱེལ་ནུས་པ་མཐོར་འདེགས་གཏོང་བའི་ལས་གཞི་ལ་ཁྱོན་སྡོམ་མ་དངུལ་སྒོར་ས་ཡ་གསུམ་འབུམ་བརྒྱད་བཏང་སྟེ། གཅིག་གྱུར་བཀོད་འདོམས་ཀྱིས་རིགས་དབྱེ་དང་སྐྱེལ་འདྲེན། ཐིམ་སྒྲིལ་སོགས་ཆ་འཕྲིན་ཅན་གྱི་སྣ་མང་སྒྲིག་ཆས་མང་བོ་བཀོད་སྒྲིག་བྱས་ཡོད། བགོ་འགྲེམས་ལྟེ་གནས་ཀྱི་ཆུ་ཚོད་རེའི་ནང་འདྲེན་མྱུར་སྐྱེལ་བརྒྱད་སྟོང་ལྷག་ཐག་གཅོད་བྱེད་ཐུབ་ལ། སྔོན་ཆད་ཀྱི་རིགས26བགར་བ་ལས་རིམ་འཕར་བྱས་ཏེ་རིགས100བགར་བཞིན་ཡོད་པ་དང་། ཐག་གཅོད་དུས་ཡུན་སྐར་མ35ཡིས་ཇེ་ཉུང་དུ་བཏང་སྟེ། སྡེ་བ་རེར་གནད་འཁེལ་གྱིས་སྐྱེལ་ཐུབ་པའི་སྐྱེལ་འདྲེན་རྣམ་པ་མངོན་འགྱུར་བྱས། མྱུར་སྐྱེལ་རྫོང་རིམ་པའི་བགོ་འགྲེམས་ལྟེ་གནས་ནས་ཐེངས་གཅིག་བགོ་འགྲེམས་ཀྱིས་སྡེ་བ་རིམ་པའི་ས་ཚིགས་སུ་སྐྱེལ་འདྲེན་བྱས་ཏེ། ནུས་ལྡན་ངང་རོང་འབྲོག་ས་ཁུལ་གྱི་དངོས་ཟོག་སྐྱེལ་འདྲེན་ཞབས་ཞུའི་མཇུག་མཐའི་སྤྱི་ལེ་གཅིག་གི་དཀའ་གནད་སེལ་ཡོད། རིག་ནུས་ཅན་གྱི་བགོ་འགྲེམས་སྒྲིག་ཆས་བེད་སྤྱོད་བྱས་རྗེས། གུང་ཧོ་རྫོང་གི་མྱུར་སྐྱེལ་ལས་རིགས་གྲངས་འཛིན་ཅན་གྱི་དོ་དམ་ཚོད་འཛིན་ཆུ་ཚད་སྔར་ལས་མཐོར་འདེགས་བྱུང་ཡོད།
རྒྱུས་ལོན་པ་ལྟར་ན། ལས་གཞི་འདི་ནི་ད་ལོའི་ཟླ4བ་ནས་ཚོད་ལྟའི་འགོ་བརྩམས་པ་ཡིན་ལ། ས་གནས་ཀྱི་ཞིང་ཕྱུགས་ཐོན་རྫས་དྲ་ལམ་ནས་ཉོ་ཚོང་བྱས་པའི་སྒོར་གྲངས་འབུམ་བརྒྱད་ཁྲི་བཞི་སྟོང་དྲུག་ལྔ་བརྒྱ་དང་། དྲ་ལམ་ཚོང་གཉེར་གྱི་འབྲེལ་ཡོད་ཡོང་འབབ་སྒོར་འབུམ་བདུན་ཁྲི་བདུན་སྟོང་དགུ་བརྒྱ་ལ་སྐུལ་ཁྲིད་ཀྱི་ནུས་པ་ཐོན་ཏེ། ཞིང་ཕན་ཞིང་སྐྱོར་ལ་མངོན་གསལ་གྱི་ཕན་འབྲས་ཐོབ།