ད་ལོའི་ཚུན་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཏང་འཛུགས་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་གཞི་རིམ་བཅོས་སྐྱོང་། དམངས་འཚོའི་འཕེལ་རྒྱས་བཅས་ཀྱི་ཕྱོགས་སོ་སོར་འདྲེས་པར་བྱས་ནས། ཏང་འཛུགས་ཀྱི་ཕན་འབྲས་དེ་ཚང་མས་མཐོང་ཐུབ་ལ་ཚོར་ཐུབ་པར་མ་ཟད། མི་སེམས་སུ་འཇགས་པར་བྱས་པ་དང་། མཛེས་པའི་ཁྱིམ་གཞིས་མཉམ་སྐྲུན་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ།
ཁྱིམ་ཚང་གཅིག་ཅེས་པའི་སྤྱི་ཚོགས་བྱ་བའི་ཚོང་རྟགས་བསྐྲུན་པ་དང་། ཏང་འཛུགས་དང་ཞབས་ཞུ། བཅོས་སྐྱོང་། དམངས་ཀྱི་ལས་གཏོད། རིག་གནས་ཡུལ་སྐོར། ཚོང་གཉེར་བཅས་ཕྱོགས་ཆེན་མོ་དྲུག་ལ་དམིགས་ཤིང་། རྟ་རྒྱུག་འགྲན་ཚོགས་ཀྱི་བྱེད་སྒོར་བརྟེན་ནས་འཁོར་སྐྱོད་དྲིལ་སྒྲོག་གི་བྱ་བ་ལེགས་པར་བསྒྲུབས། དྲོད་སྐྱིད་ས་ཚིགས་དང་ཁ་ལོ་བའི་ཁྱིམ་ཚང་བཅུ་གཉིས་བསྐྲུན་ཞིང་། ཡུས་ཧྲུའུ་ལ་ཐོན་ཚེ་ས་གནས་དེ་གའི་མི་ཡིན་པ་ལྟ་བུའི་འདུ་ཤེས་སེམས་སུ་འཇགས་པར་བྱས་ནས། ཚོང་རྟགས་ཡུས་ཧྲུའུ་ལས་ཕྱིར་གཏོང་བྱས་ཏེ་རྒྱལ་ཡོངས་སུ་འཁོར་རྒྱུག་ཐུབ་པར་བྱས།
སྤུས་ཚད་ཇེ་ལེགས་དང་ཕན་འབྲས་མཐོ་རུ་གཏོང་བ། ཏང་འཛུགས་དང་ལས་སྒོ་མཉམ་འབྲེལ་གྱི་བྱ་བའི་རྐྱེན་སྲོལ་དངོས་འབེབས་བྱས་པ་དང་། ཞུ་གཏུག་མ་བྱས་སྔོན་ལ་མངོན་མེད་རྐྱེན་ངན་ཐག་གཅོད་པ་དང་ཞུ་གཏུག་བྱས་མ་ཐག་ཏུ་མྱུར་མོར་ཐག་བཅད་དེ། 12345ཡི་འབྲེལ་ལམ་དང་དྲ་རྒྱ་མཉམ་འབྲེལ་གྱི་རིམ་སྤོར་རྣམ་པ་སྐྲུན་པ་དང་། སྨན་བཅོས་འགན་བཅོལ་འཁོར་རྒྱུག་ཞབས་ཞུའི་རླངས་འཁོར་སྔོན་ལ་ཚོད་ལྟ་བྱས་ནས། འཕྲལ་བསྟུན་བཀོད་འདོམས་མ་ལག་གི་གནོན་ཤུགས་ཚད་ལེན་ཡོངས་སུ་འགྲུབ།
ཞང་དང་གྲོང་རྡལ་གྱི་ལས་བྱེད་པ་ལས་ཡུལ་དང་པོར་བསྐྱོད་པའི་བྱ་བའི་བྱེད་ཐབས་ལག་ཏུ་བསྟར་བ་དང་། ཞང་དང་གྲོང་རྡལ་གྱི་བརྒྱ་ཆའི་དགུ་ཅུའི་ཡན་གྱི་ལས་བྱེད་མི་སྣ་ལས་ཡུལ་དང་པོར་རྐང་བཙུགས་ཤིང་། མིག་སྔའི་བར། ཁུལ་ཡོངས་སུ་དབུལ་བོ་བསྐྱར་ལོག་དང་བསྐྱར་དུ་འབྱུང་བ་འགོག་པའི་གྲལ་བཤེར་བྱ་བ་ཐེངས་ཁྲི་གཅིག་དང་སྟོང་ལྔ་དང་སུམ་བརྒྱ་ཉི་ཤུར་སྤེལ་བ་དང་། དེ་ཁྱིམ་ཚང་ཁྲི་གསུམ་དང་སྟོང་དྲུག་དང་བརྒྱད་བརྒྱར་ཁེབས་ཤིང་། ཁ་གཏད་རོགས་སྐྱོར་གྱི་སྒོར་ས་ཡ་གཉིས་བཏང་ནས་ཞང་དང་གྲོང་རྡལ་བཞི་རུ་དྲོད་འཁོལ་ལས་གཞི་ལག་ཏུ་བསྟར།
རིག་གནས་ཡུས་ཧྲུའུ་དང་ཁྲིམས་སྐྱོང་ཡུས་ཧྲུའུ་འཛུགས་པར་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་རིམ་པའི་བོད་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་འཛུགས་པ་ཁྲིད་སྟོན་དུ་བྱས་ནས། གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་བཏང་། 2026ནས2028ལོའི་བར་གྱི་ཁྲིམས་སྐྱོང་ཡུས་ཧྲུའུ་འཛུགས་པའི་ལོ་ངོ་གསུམ་གྱི་འགུལ་སྐྱོད་ཇུས་གཞི་གཏན་ལ་ཕབ་པ་དང་། ལོ་ལྔའི་ཁྲིམས་སྐྱོང་ཤེས་བྱ་ཁྱབ་གདལ་གྱི་འཆར་གཞི་ཐེངས་དགུ་པ་ལག་ཏུ་བསྟར་ནས། འདུམ་སྒྲིག་དང་ཁྲིམས་སྐྱོང་ཤེས་བྱ་ཁྱབ་གདལ་གྱི་སྐད་གཉིས་ཞབས་ཞུ་འདོན་སྤྲོད་བྱས་པས། འགལ་བ་དང་རྩོད་གཞི་འབྱུང་ཚད་དུས་མཉམ་ལས་བརྒྱ་ཆའི་བཅོ་བརྒྱད་མར་ཆག་པ་དང་། རིག་གནས་ཀྱིས་མི་སེམས་གསོ་བ་དང་ཁྲིམས་སྐྱོང་གིས་སྤྱོད་ཚུལ་ཚད་ལྡན་དུ་གཏོང་བ་མངོན་འགྱུར་བྱུང་།