ཟླ9པའི་ཚེས24ཉིན། མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་ངོ་ཉེར་ལྔ་འཁོར་བ་དང2025ལོ་ནས2026ལོའི་མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱས་པའི་བྱ་བའི་གྲོས་ཚོགས་མཚོ་སྔོན་སློབ་ཆེན་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་དང་། ཆིན་ཧྭ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཆིའུ་ཡུང་གིས་གཏམ་བཤད། ནུབ་བྱང་ཞིང་ནགས་ལས་ཚན་རྩལ་སློབ་ཆེན་གྱི་སློབ་གཙོ་ཝུའུ་ཕུའུ་ཐི་གྲོས་ཚོགས་སུ་ཞུགས་པར་མ་ཟད་བརྗེ་རེས་ངོ་སྤྲོད་བྱས།
ལིའུ་ཆི་ཧྥན་གྱིས་གཏམ་བཤད་སྐབས་ཐོག་མར་རོགས་སྐྱོར་སློབ་ཆེན་སོ་སོས་དུས་ཡུན་རིང་པོར་མཚོ་སྔོན་ལ་སྒེར་སེམས་མེད་པར་རོགས་སྐྱོར་བྱས་པར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཆེ་ཞུས། ལིའུ་ཆི་ཧྥན་གྱིས་ལོ་ངོ་ཉེར་ལྔའི་རིང་། རོགས་སྐྱོར་སློབ་ཆེན་སོ་སོས་རང་ཉིད་ཀྱིས་ཅི་འཇོན་དང་རང་ཉིད་ཀྱིས་ཅི་ནུས་ལ་བརྟེན་ནས། ཕྱོགས་ཡོངས་དང་རིམ་པ་མང་པོ། ཕྱོགས་མང་མཐུན་སྦྱོར་བཅས་ཀྱིས་རོགས་སྐྱོར་སྟོབས་ནུས་བསྩལ་བས། མཚོ་སྔོན་སློབ་ཆེན་གྱི་འཕེལ་རྒྱས་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་འབྱུང་བར་སྐུལ་འདེད་བཏང་། མཚོ་སྔོན་སློབ་ཆེན་གྱིས་མུ་མཐུད་དུ་ཕྱི་ཕྱོགས་ཀྱི་རོགས་སྐྱོར་དེ་ནང་གནས་ཀྱི་འཕེལ་རྒྱས་སྒུལ་ནུས་སུ་བསྒྱུར་བ་དང་། བདེན་སྲུང་གསར་གཏོད་ཀྱི་བརྒྱུད་རིམ་ཁྲོད་འཕེལ་རྒྱས་ཀྱི་བཀག་རྒྱ་སེལ་བ། མཐོ་སྒང་གི་གཤིན་སར་རྐང་བཙུགས་ནས་ཁྱད་ལྡན་དགེ་མཚན་བསྐྲུན་ཏེ། མཐོ་སྒང་དུ་གཞི་ཚུགས་པ་དང་མཚོ་སྔོན་ལ་ཞབས་འདེགས་ཞུ་བ། ཁྱད་ཆོས་གསལ་བོ་ལྡན་པ། རྒྱལ་ནང་གི་རྩེ་གྲ་ཡིན་པ་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་ཧུར་ཐག་གིས་བསྐྱོད་དགོས། རོགས་སྐྱོར་སློབ་ཆེན་སོ་སོས་ཕྱོགས་ཡོངས་ཀྱི་ཁ་གཏད་རོགས་སྐྱོར་སྔར་ལས་ཟབ་མོར་སྤེལ་བ་དང་། དགེ་རྒན་གྱི་དཔུང་སྡེ་མཉམ་སྐྲུན་དང་སྤུས་ཀ་ཇེ་ལེགས་སུ་གཏོང་བ། རིག་ཚན་མཉམ་སྐྲུན་བྱས་ནས་སྟོབས་ནུས་སྩོལ་བ། འཇོན་མི་གསོ་སྐྱོང་བྱས་ནས་མང་དུ་གཏོང་བ། ཚན་ཞིབ་མཉམ་དཔྱད་བྱས་ནས་ཐོད་བརྒལ་དང་། ཞིང་ཆེན་དང་སློབ་གྲྭ། སློབ་གྲྭ་དང་ས་གནས། སློབ་གྲྭ་དང་ཁེ་ལས་བཅས་ཀྱི་མཉམ་འགུལ་ཟབ་མོ་སྤེལ་བ་བཅས་ལ་སྐུལ་འདེད་བཏང་སྟེ། ཁ་གཏད་རོགས་སྐྱོར་གྱི་བྱ་བའི་རྣམ་པ་གསར་བ་མཉམ་དུ་བཏོད་རྒྱུའི་རེ་བ་བཅངས་ཡོད་པར་བསྟན།
ཆིའུ་ཡུང་གིས་ཆིན་ཧྭ་སློབ་ཆེན་སོགས་སློབ་ཆེན་དྲུག་གིས་མཚོ་སྔོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ལོ་རྒྱུས་ལ་ཕྱིར་དྲན་བྱས། ཆིའུ་ཡུང་གིས་བསྟན་དོན། ལོ་ངོ་ཉེར་ལྔའི་རིང་། ཁ་གཏད་རོགས་སྐྱོར་བྱེད་པའི་སློབ་ཆེན་སོ་སོས་ཐོག་མཐའ་བར་གསུམ་དུ་ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་། ཡང་དག་པའི་སྲིད་འབྲས་ལྟ་བ་རྒྱུན་འཁྱོངས། བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས། ཕན་ཚུན་སྟོབས་ནུས་སྩོལ་བ་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་དང་ཟུར་སྣེ་མང་པོ་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་མཚོ་སྔོན་སློབ་ཆེན་རོགས་སྐྲུན་བྱས་ཏེ། མཚོ་སྔོན་སློབ་ཆེན་ལ་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་འབྱུང་བར་སྐུལ་འདེད་བཏང་། དུས་རབས་གསར་བའི་ཁ་གཏད་རོགས་སྐྱོར་ནི་རིམ་པ་སྔར་ལས་ཟབ་པའི་ཕན་ཚུན་རོགས་སྐྱོར་དང་མཉམ་དུ་ཡར་རྒྱས་ཡོང་བ་ཞིག་ཡིན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་ལངས་གནས་གསར་བ་རུ། ཆིན་ཧྭ་སློབ་ཆེན་སོགས་ཁ་གཏད་རོགས་སྐྱོར་བྱེད་པའི་སློབ་ཆེན་གྱིས་རིག་ཚན་གྱི་ཁྲིད་སྟོན་ནུས་པ་སྔར་ལས་འདོན་པ་དང་། གསར་གཏོད་འཇོན་མི་རྩེ་གྲ་སྔར་ལས་སྐྱེད་སྲིང་། མི་ཐབས་རིག་ནུས་ཀྱིས་སྟོབས་ནུས་སྩོལ་བ་སྔར་ལས་མངོན་གསལ་ཡིན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། མཐོ་རིམ་སློབ་གསོའི་སྣེ་ཁྲིད་ནུས་པ་སྔར་ལས་འདོན་པ་དང་། ཚད་གཞི་སྔར་ལས་མཐོན་པོས་ཁ་གཏད་རོགས་སྐྱོར་གྱི་བྱ་བ་འཆར་འགོད་བྱས་ནས། ཞིང་ཆེན་དང་སློབ་གྲྭའི་མཉམ་ལས་འཕེལ་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་སྟེང་། མཚོ་སྔོན་སློབ་ཆེན་གྱིས་ཁ་གཏད་རོགས་སྐྱོར་གྱི་ལོ་ངོ་ཉེར་ལྔའི་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པ་དང་། ཆིན་ཧྭ་སློབ་ཆེན་དང་ནུབ་བྱང་ནགས་ཞིང་ཚན་རྩལ་སློབ་ཆེན། པེ་ཅིང་གི་ཀྲུང་གོའི་ས་གཤིས་སློབ་ཆེན། ཧྭ་ཏུང་རང་བྱུང་བཟོ་སྐྲུན་སློབ་ཆེན། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན། པེ་ཅིང་རྫས་འགྱུར་བཟོ་ལས་སློབ་ཆེན་བཅས་ཀྱིས་ཁ་གཏད་རོགས་སྐྱོར་བྱས་པའི་བྱ་བ་ངོ་སྤྲོད་བྱས་ལ། མཚོ་སྔོན་སློབ་ཆེན་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་སློབ་ཆེན་དང་། ཀྲུང་མེ་ནུས་ཁུངས་ཞིབ་འཇུག་ཁང་། མཚོ་ལྷོ་ཁུལ་དང་མཚོ་ནུབ་ཁུལ་བཅས་སོ་སོའི་བར་ལ་གྲོས་ཆོད་བཞག ཁ་གཏད་རོགས་སྐྱོར་བྱེད་པའི་སློབ་ཆེན་དང་། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་ས་གནས་ཀྱི་ཏང་ཨུའི་སྲིད་གཞུང་། ཚན་ཞིབ་ཁང་། མཚོ་སྔོན་སློབ་ཆེན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཁག་ཅིག་དང་ཁ་གཏད་རོགས་སྐྱོར་གྱི་འགན་འཁྱེར་ལས་བྱེད་པ་སོགས་གྲོས་ཚོགས་སུ་ཞུགས།