མཚོ་སྔོན་རྨ་ལྷོ་ཁུལ་གྱིས་དྲ་རྒྱའི་བདེ་འཇགས་ཀྱི་འགོག་སྲུང་ལྕགས་རི་བརྟན་པོ་བསྐྲུན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9པའི་ཚེས14ཉིན། 2026ལོའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་འགོ་རྩོམ་མཛད་སྒོ་ཐུན་རིན་གྲོང་ཁྱེར་དུ་སྤེལ། ད་ཐེངས་ཀྱི་དྲིལ་སྒྲོག་གཟའ་འཁོར་དེ“དྲ་རྒྱའི་བདེ་འཇགས་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་དྲ་རྒྱའི་བདེ་འཇགས་མི་དམངས་ལ་བརྟེན་དགོས་ཤིང་། རིག་ནུས་དུས་རབས་ཀྱི་དྲ་རྒྱའི་བདེ་འཇགས་ལ་སྲུང་སྐྱེལ་བྱེད”ཅེས་པ་བརྗོད་དོན་དུ་བཟུང་ཡོད་ལ།  རྨ་ལྷོ་ཁུལ་ཏང་ཨུའི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་བྱས་པ་དང་སྡེ་ཁག་མང་པོ་མཉམ་ཞུགས་བྱས་ཏེ། རིག་ནུས་དུས་རབས་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་ཉེན་ཁར་དམིགས་གཏད་ནས། ཁྱོན་ཡོངས་ལ་ཁྱབ་པ་དང་རིམ་པ་མང་བའི་དྲིལ་སྒྲོག་བྱེད་སྒོ་སྤེལ་ཏེ། ཁུལ་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་འགོག་སྲུང་ལྕགས་རི་བརྟན་པོ་བསྐྲུན།

མཛད་སྒོའི་སྟེང་དུ། སློབ་མ་དང་སྨྱན་སྦྱོར་འཐུས་མིས་མཉམ་དུ། “དྲ་རྒྱའི་བདེ་འཇགས་མཉམ་སྐྲུན་དང་དྲ་རྒྱའི་ཤེས་དཔལ་མཉམ་སྤྱོད་བྱེད་པའི”གྲོས་འགོའི་ཡི་གེ་མཉམ་དུ་སྒྲོག་འདོན་བྱས་ཏེ། སྤྱི་ཚོགས་ལས་རིགས་ཁག་གིས་ལག་གདང་སྦྲེལ་ནས་དག་གཙང་གི་དྲ་རྒྱའི་བར་སྟོང་སྲུང་དགོས་པའི་ཐད་ནས་གྲོས་འགོ་བཏོན། སྤྱི་བདེ་སྡེ་ཁག་གིས་ཡུལ་དངོས་ནས་གློག་འཕྲིན་དྲ་རྒྱའི་མགོ་གཡོག་མགོ་སྐོར་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་ཕན་འབྲས་སྐོར་ནས་བརྡ་ཁྱབ་བཏང་།  ཐེངས་འདིའི་ཡུལ་དངོས་དྲིལ་སྒྲོག་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་ཤིང་ཁྱབ་རྒྱ་ཆེ་བ་དང་། ཡུལ་དངོས་སུ་དྲིལ་བསྒྲགས་འགྲེམ་པང50ལྷག་བཀོད་སྒྲིག་བྱས་ཡོད་ཅིང་། སྦྱར་ཡིག་ཡོད་པའི་འཕྲེད་བྱང110ལྷག་བཀལ་ཡོད་ལ།  བརྡ་སྦྱོར120ལྷག་སྦྱར་ཡོད། རིམ་རྩིས་བྱས་ན་མི་རིགས་སོ་སོའི་མང་ཚོགས་ལ་རིགས་སྣ་ཚོགས་ཀྱི་དྲིལ་སྒྲོག་དཔྱད་གཞི་དང་དྲིལ་སྒྲོག་དངོས་པོ9400ལྷག་སྤྲད། སྤྱི་བདེ་དང་འཕྲིན་གཏོང་ལས་རིགས་ཀྱི་ལས་བྱེད་མི་སྣསAIལ་བརྟེན་ནས་ངོ་གདོང་བརྗེ་བ་དང་སྒྲ་རིས་རྒྱུད་བཤུས་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མགོ་སྐོར་གཏོང་བའི་གྱོད་དཔེ་གསར་པ་དང་ཟུང་འབྲེལ་བྱས་ཏེ། ཁ་གསལ་གོ་བདེ་ཡི་སྐད་ཆའི་ལམ་ནས་ཉེན་ཁ་དབྱེ་འབྱེད་བྱེད་ཐབས་དང་འགོག་སྲུང་ཐབས་རྩལ་ལ་འགྲེལ་བཤད་བརྒྱབ་ནས། རིག་ནུས་དུས་རབས་ཀྱི་དྲ་རྒྱའི་བདེ་འཇགས་ཤེས་བྱ་གནད་ལ་འཁེལ་བའི་སྒོ་ནས་ཁྱབ་གདལ་བཏང་།

ད་ཐེངས་ཀྱི་དྲིལ་སྒྲོག་གཟའ་འཁོར་བྱེད་སྒོ་སྤེལ་བའི་རིང་ལ། ཁུལ་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གཞི་གཅིག་མཉམ་འགུལ་བྱས་ནས། གྲོང་ཁྱེར་དང་རྫོང་སོ་སོས་ཁྱད་ལྡན་བྱེད་སྒོ་དུས་གཅིག་ཏུ་སྤེལ། ཐུན་རིན་གྲོང་ཁྱེར་གྱིས་རང་སྨྱན་སྦྱོར་གྱི་མདོ་འཛིན་པ་གདན་དྲངས་ནས། ཡུལ་དངོས་ནས་ཚན་རིག་ཁྱབ་གདལ་དང་མགོ་སྐོར་ལ་ངོ་རྒོལ་བྱེད་པའི་ཤེས་བྱ་ཁྲིད་པ་དང་། གཅན་ཚ་རྫོང་གིས“དྲ་རྒྱའི་དྲིལ་སྒྲོག་དཔོན”གྱི་གདན་ཞུའི་མཛད་སྒོ་སྤེལ་ཏེ། དམངས་ཁྲོད་ཀྱི་དྲིལ་སྒྲོག་སྟོབས་ཤུགས་གཅིག་སྒྲིལ་བྱས། ཧི་ནན་སོག་རིགས་རང་སྐྱོང་རྫོང་གིས“དྲ་རྒྱའི་བདེ་འཇགས་སློབ་གྲྭ་ནས་སྤེལ་བའི”བྱེད་སྒོར་སྐུལ་འདེད་བཏང་ནས། གཞོན་ནུ་ལོ་ཆུང་གི་དྲ་རྒྱའི་བདེ་འཇགས་ཀྱི་འགོག་སྲུང་བརྟན་པོ་བསྐྲུན།

རྒྱུས་ལོན་པ་ལྟར་ན།  དྲིལ་སྒྲོག་གཟའ་འཁོར་གྱི་བྱེད་སྒོའི་ཁྲོད། རྨ་ལྷོ་ཁུལ་གྱིས་བརྗོད་དོན་ཉིན་མོ་ཆེན་པོ་དྲུག་ལ་དམིགས་ནས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། སློབ་མ་དང་མཁར་སྡེའི་སྡོད་དམངས། འབྲོག་ཁུལ་གྱི་མང་ཚོགས་སོགས་ཚོགས་སྤྱི་མི་འདྲ་བར་དམིགས་ནས་དྲིལ་སྒྲོག་གནད་ལ་འཁེལ་བར་བྱས། དུས་མཚུངས་སུ། དྲ་རྒྱའི་བདེ་འཇགས་ཀྱི“བསྐྱོད་པ་བདུན”གྱི་བྱེད་སྒོར་རྒྱུན་རྣམ་ཅན་གྱི་སྒོ་ནས་སྐུལ་འདེད་བཏང་ནས། དྲ་རྒྱའི་བདེ་འཇགས་དང་མགོ་སྐོར་ལ་ངོ་རྒོལ། མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཤེས་བྱ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་མཐར། དྲ་རྒྱའི་བདེ་འཇགས་ཀྱི་འགོག་སྲུང་མཉམ་སྐྲུན་དང་མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་རྣམ་པ་ལེགས་པོ་བསྐྲུན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།