མཚོ་སྔོན་ཡུས་ཧྲུའུ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བའི་བྱེད་སྒོ་སྤེལ་འགོ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བ་དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་》ཀྱི་དྲིལ་སྒྲོག་བྱེད་སྒོ་འགོ་རྩོམ་པའི་མཛད་སྒོ་ཡུས་ཧྲུའུ་གྲོང་ཁྱེར་ནོར་གནག་ཐང་ཆེན་ནས་སྤེལ།

བྱེད་སྒོ་སྤེལ་ཡུལ་དུ་མི་རིགས་མཐུན་སྒྲིལ་བརྗོད་དོན་ཡིན་པའི་དྲིལ་སྒྲོག་བརྙན་ཐུང་བཏང་བ་དང་། ཡུས་ཧྲུའུ་ཡི་རིགས་སོ་སོའི་མང་ཚོགས་ཀྱིས་སོ་སྲུང་རོགས་རེས་དང་། ལག་གདང་མཉམ་དུ་སྦྲེལ་ནས་མདུན་དུ་བསྐྱོད་པའི་འཕེལ་རྒྱས་ལྗོངས་རྣམ་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་པར་བྱས། ཡུས་ཧྲུའུ་ཁུལ་ཏང་ཨུའི་ཏང་གི་སློབ་གྲྭས་འཆད་ཁྲིད་དགེ་རྒན་གྱིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་》ཀྱི་ཁྲིམས་འཛུགས་རྒྱབ་ལྗོངས་དང་ནང་དོན་གཙོ་བོ། དོན་ཚན་གལ་ཆེན་དང་ལག་ལེན་བླང་བྱ་བཅས་ལ་གཞིགས་ནས་ཆེད་དོན་སྒྲོག་བཤད་བྱས་ཤིང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་བཅའ་ཁྲིམས་ཀྱི་ནང་དོན་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་དང་། ཁྲིམས་ལྟར་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་རང་རྟོགས་མཐོར་འདེགས་བཏང་།

ཐེངས་འདིའི་དྲིལ་སྒྲོག་ཟླ་བའི་མགྲོན་བདག་རྫོང་ཡིན་པའི་ཆ་ནས། ཁྲི་འདུ་རྫོང་གིས་རིག་གནས་སྒྱུ་རྩལ་གྱི་ཆེད་དོན་འཁྲབ་སྟོན་བློ་སེམས་ཞིབ་བུས་སྒྲིག་འགོད་བྱས་པ་དང་། ཁམས་པའི་ཁྱད་ལྡན་མི་རིགས་རིག་གནས་དང་མི་རིགས་མཐུན་སྒྲིལ་བརྗོད་དོན་ལ་ཟུང་འབྲེལ་ཟབ་མོ་བྱས་ནས། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་གིས་ཀྲུང་གོའི་འདུན་མ་བསྐྲུན་”ཞེས་པའི་དུས་རབས་ཀྱི་བརྗོད་དོན་གསོན་ཉམས་ལྡན་པའི་སྒོ་ནས་གསལ་བཤད་བྱས། དུས་མཚུངས་སུ། ཞིང་ཕྱུགས་རིག་གནས་གསར་གཏོད་ཀྱི་ཐོན་རྫས་འགྲེམ་འཚོང་དང་མི་རིགས་སྲིད་ཇུས་བློ་འདྲི། བདེ་ཐང་ཚན་རིག་ཁྱབ་གདལ་གཏོང་བའི་ཞབས་ཞུ་སོགས་ཀྱི་དམངས་ལ་སྟབས་བདེ་བསྐྲུན་པའི་ཞབས་ཞུའི་ས་ཚིགས་མཉམ་དུ་བཙུགས་ཤིང་། སྲིད་ཇུས་སྒྲོག་བཤད་དང་དམངས་ཕན་ཞབས་ཞུ། ཐོན་རྫས་འོས་སྦྱོར་སོགས་མང་ཚོགས་ཀྱི་གམ་དུ་བསྐྱལ།

ཡུས་ཧྲུའུ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་བཟུང་ནས། “བསྐྱོད་པ་བཅུའི་” བྱེད་སྒོ་ཏན་ཏིག་སྒོས་སྤེལ་ཏེ། འདྲ་མཉམ་མཐུན་སྒྲིལ་རོགས་རེས་འཆམ་མཐུན་བཞི་ལྡན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་མཐུད་སྲ་བརྟན་དུ་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་སོ་སོ་བརྟན་བརླིང་ངང་མདུན་དུ་བསྐྱོད་དེ་ཕན་འབྲས་མངོན་གསལ་བླངས། ཁུལ་ཡོངས་ཀྱི་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཐེངས་འདིའི་དྲིལ་སྒྲོག་ཟླ་བའི་བྱེད་སྒོ་སྤེལ་བ་གོ་སྐབས་གལ་ཆེན་ཞིག་ཏུ་བརྩིས་ནས། ལས་ཁུངས་དང་སློབ་གླིང་། གྲོང་གསེབ་མཁར་སྡེ། ཁྲོམ་ར་དྲ་རྒྱ། ཆོས་ལུགས་སྤེལ་ཡུལ། དམག་སྒར་ཁྱིམ་ཚང་སོགས་ཀྱི་ཁྱབ་ཁོངས་ལ་ཁ་ཕྱོགས་ཏེ། སྣ་མང་ཅན་དང་ས་གནས་ལ་འཚམ་པའི་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་སྒྲོག་བཤད་བྱེད་སྒོ་སྤེལ་ནས། མི་རིགས་མཐུན་སྒྲིལ་གྱི་ཁྲིམས་སྐྱོང་དགོངས་དོན་དེ་མི་སེམས་སུ་སིམ་པར་བྱས་ནས་གཞི་རིམ་དུ་རྐང་ཚུགས་པར་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།