རྨ་ལྷོ་ཁུལ་གྱིས་ཟས་རིགས་བདེ་འཇགས་ཀྱི་ཆེད་དམིགས་དག་ཐེར་བྱ་བ་བསྒྲུབས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་བདེ་ཡིས2026ལོའི་རྒྱལ་ཡོངས་ཀྱི་ཟས་རིགས་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་ཀུན་སྤྱོད་གཙང་མས་ཁྲིམས་སྲུང་བ་དང་ཟས་རིགས་བདེ་འཇགས་མཉམ་སྤྱོད་བྱེད་ཅེས་པའི་བརྗོད་དོན་བླང་བྱར་ཟུང་འབྲེལ་བྱས་ཏེ། རྨ་ལྷོ་ཁུལ་སྤྱི་བདེ་ཅུས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་ཟས་རིགས་སྨན་རྫས་ཀྱི་ཉེས་སྤྱོད་མྱུར་ཞིབ་ཡན་ལག་རུ་ཁག་གིས་གྲོང་ཁྱེར་གཅིག་དང་རྫོང་གསུམ་གྱི་སྐྱེ་ཁམས་ཁོར་ཡུག་དང་ཟས་རིགས་སྨན་རྫས་ཀྱི་ཉེས་སྤྱོད་མྱུར་ཞིབ་རུ་ཆེན་གཅིག་འདོམས་རྩ་འཛུགས་བྱས་པ་དང་། ས་གནས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་དང་མཉམ་འབྲེལ་སྒོས་ཟས་རིགས་བདེ་འཇགས་ཀྱི་ཆེད་དམིགས་ཞིབ་བཤེར་དང་མ་དཔེ་འདེམ་བཤེར་ཚད་ལེན་འགུལ་སྐྱོད་སྤེལ། ཟས་རིགས་ཚོང་གཉེར་ལས་ཁུངས་དྲུག་ཅུར་ཞིབ་བཤེར་བྱས་པ་དང་། ཤ་བཟོས་ཐོན་རྫས་ལ་འདེམ་བཤེར་ཐེངས་བརྒྱ་དང་རེ་གཉིས་བྱས་ཤིང་། མི་མངོན་པའི་རྐྱེན་ངན་བཅུ་དག་ཐེར་ལེགས་བཅོས་བྱས་ནས། ཟས་རིགས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ལེགས་བཅོས་ནན་མོ་བྱས་པ་དང་། ནུས་ཤུགས་ཡོད་རྒུས་ཁུལ་ཁོངས་ཀྱི་ཟས་རིགས་བདེ་འཇགས་ཀྱི་འགོག་སྲུང་དྲ་རྒྱ་ཚགས་དམ་པོར་བཟོས།

ཐེངས་འདིའི་ཆེད་དམིགས་འགུལ་སྐྱོད་ལས་མང་ཚོགས་ཀྱི་ཉིན་རྒྱུན་འཚོ་བའི་འཛད་སྤྱོད་བྱ་ཡུལ་ལ་དམིགས་ནས། གཙོ་བོ་བཟའ་བཏུང་ཚོང་ཁང་དང་། ཚྭ་སྦྱངས་ཤ་ཟས་དང་ཟས་བཙོས་མའི་ཚོང་ཁང་སོགས་མི་སྣ་འདུས་སྡོད་མང་ས་དང་འཛད་སྤྱོད་གཅིག་བསྡུས་ཡིན་པའི་ཟས་རིགས་ཚོང་གཉེར་ཁུལ་དུ་ཁྱབ་ཡོད་ལ། ཤ་བཟོས་ཐོན་རྫས་དང་བྲོ་རྫས་སོགས་ཚོང་བྲིན་པའི་ཟས་རིགས་ལ་དམིགས་ནས་ཆེད་དམིགས་འདེམ་བཤེར་ཚད་ལེན་བྱས། ཁྲིམས་བསྟར་མི་སྣས་གཙོ་བོ་ཟས་རིགས་ཚོང་གཉེར་བརྒྱུད་རིམ་ཁྲོད་ཟས་རིགས་སྦྱོར་རྟ་བཀོལ་བ་ཚད་ལས་བརྒལ་བ་སོགས་ཀྱི་མངོན་གསལ་ཁྲིམས་འགལ་སྒྲིག་འགལ་གནད་དོན་ལ་གྲལ་བཤེར་བྱས་པ་དང་། ཚད་གཞི་ཅན་གྱི་བྱ་བའི་བརྒྱུད་རིམ་ལྟར་ཡུལ་དངོས་དཔེ་འདེམ་དང་མགྱོགས་མྱུར་ཞིབ་བཤེར་ནན་མོ་བྱས་ཏེ། བཀབ་པའི་རང་བཞིན་དང་མི་མངོན་པའི་ཟས་རིགས་བདེ་འཇགས་ཀྱི་ཉེན་ཁ་གནད་འཁེལ་གྱིས་འདེམ་བཤེར་བྱས། དེ་དང་མཉམ་དུ། ཁྲིམས་བསྟར་མི་སྣས་ཚོང་གཉེར་གཙོ་གཞིའི་ཚོང་ནང་འདྲེན་གྱི་བརྒྱུད་ལམ་དང་འབྲེལ་ཡོད་དཔང་ཡིག ཚོང་རྫས་ཉར་ཚགས་དུས་ཡུན། དེ་མིན་ཉིན་རྒྱུན་གྱི་ཚོང་གཉེར་རྩིས་ཐོ་བཅས་རེ་རེ་བཞིན་ཞིབ་བཤེར་བྱས་པ་དང་། གནད་དོན་གྲལ་བཤེར་དང་མི་མངོན་པའི་རྐྱེན་ངན་ལེགས་བཅོས་བྱས་པར་མ་ཟད། ཟས་རིགས་བདེ་འཇགས་ཀྱི་ཉེན་ཁ་ཕྱོགས་ཡོངས་དང་ལྷག་ལུས་མེད་པར་དག་ཐེར་ལེགས་བཅོས་བྱས་ཏེ། ཟས་རིགས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་ཚོང་གཉེར་བྱ་སྤྱོད་ལ་འཇིགས་སྣང་སྐུལ་བ་དང་། ཟས་རིགས་ཁྲོམ་རའི་ཚོང་གཉེར་སྒྲིག་སྲོལ་སྔར་ལས་ཚད་ལྡན་དུ་བཏང་།

རྨ་ལྷོ་ཁུལ་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ཁུལ་སྤྱི་བདེ་ཅུས་སྐྱེ་ཁམས་ཁོར་ཡུག་དང་ཟས་རིགས་སྨན་རྫས་ཀྱི་ཉེས་སྤྱོད་མྱུལ་ཞིབ་ཡན་ལག་རུ་ཁག་གིས་སྡེ་ཁག་མཐུན་སྦྱོར་མཉམ་འགུལ་རྐྱེན་སྲོལ་བསྟུད་མར་ཟབ་སྤེལ་དང་། རྒྱུན་རྣམ་ཅན་གྱིས་ཟས་རིགས་བདེ་འཇགས་ཀྱི་མཉམ་འབྲེལ་ཞིབ་བཤེར་བྱ་བར་སྐུལ་འདེད་གཏོང་བ་དང་། ཟས་རིགས་བདེ་འཇགས་ཀྱི་ཁུལ་ཁོངས་གཙོ་བོ་དང་དང་མངོན་གསལ་ཉེན་ཁར་དམ་པོར་དམིགས་ནས། ཁྲིམས་འགལ་ཁུངས་སྣེའི་གྲལ་བཤེར་བྱེད་ཤུགས་བསྟུད་མར་ཆེ་རུ་གཏོང་བ་དང་། ཁྲིམས་ལྟར་ཟས་རིགས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ་རྒྱུན་འཁྱོངས། རྒྱུན་རྣམ་ཅན་དང་གནད་འཁེལ་ཅན། ཚད་ལྡན་ཅན་བཅས་ཀྱིས་ལྟ་སྐུལ་དོ་དམ་བྱས་ཏེ། ཟས་རིགས་བདེ་འཇགས་ཀྱི་ཚད་མཐའ་དམ་པོར་བསྲུང་བ་དང་། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱིལྕེ་རྩེའི་བདེ་འཇགསལ་སྲུང་སྐྱོང་བྱ་རྒྱུ་ཡིན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།