མཚོ་ལྷོས་ཡུལ་སྐོར་དང་འབྲེལ་བའི་རྩོད་གཞི་འདུམ་སྒྲིག་གི་མྱུར་ལམ་གསར་སྐྲུན་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཟླ9པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ། མང་ཚོགས་ཀྱིས་གོ་རིམ་ལྟར་ཨང་རྟགས་བླངས་ཏེ་འགལ་ཟླ་འདུམ་འགྲིག་གི་རེ་ཞུ་ཕུལ་བ་དང་། ལས་དོན་མི་སྣས་རྩོད་གཞིའི་རིགས་དང་བསྟུན་ནས་འདུམ་འགྲིག་པ་བཀོད་སྒྲིག་བྱས་ཏེ་ཡུལ་དངོས་སུ་ཐག་གཅོད་བྱས་པས། འགལ་ཟླ་དང་རྩོད་གཞི་རྣམས་ས་ཚིགས་གཅིག་ནས་ཐག་གཅོད་ཐུབ་པ་མངོན་འགྱུར་བྱུང་།

མཚོ་འགྲམ་གྱི་རིག་གནས་ཡུལ་སྐོར་ལས་རིགས་མུ་མཐུད་དུ་འཕེལ་རྒྱས་ཕྱིན་པ་ལས་བྱུང་བའི་ཡུལ་སྐོར་དང་འབྲེལ་བའི་རྩོད་གཞི་མང་དུ་སོང་བ་དང་། རྩོད་འབྲེལ་མི་སྣ་འགྲོ་འོང་ཆེ་བ། ཐག་གཅོད་ཀྱི་དུས་ཚོད་ལ་བླང་བྱ་མཐོ་བ་སོགས་ཀྱི་དངོས་ཡོད་གནད་འགག་ལ་དམིགས་ཏེ། ད་ལོ་ནས་བཟུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲིམས་འཛིན་ཅུས་ཀྱིས་རྫོང་ཁག་སོ་སོའི་སྤྱི་ཚོགས་བཅོས་སྐྱོང་ལྟེ་གནས་ཀྱི་སྟེགས་བུ་ལེགས་པོར་བཀོལ་སྤྱོད་བྱེད་པར་སྤྱིའི་འཆར་འགོད་བྱས་ཏེ། ཁྱད་ཆོས་ལྡན་པའི་འདུམ་འགྲིག་དང་གོ་རིམ་ཧྲིལ་བོའི་ཞབས་ཞུ། གྲངས་གཞི་ཅན་གྱི་ནུས་སྤེལ་བཅས་འདུམ་འགྲིག་མ་ལག་ཆེན་པོ་གསུམ་བཙུགས་ནས། ཡུལ་སྐོར་རྩོད་གཞི་མགྱོགས་པོར་དང་ལེན་དང་མགྱོགས་པོར་ཐེ་གཏོགས། མགྱོགས་པོར་ཐག་གཅོད་བཅས་ལ་དམ་འཛིན་བྱས་ཏེ། ཡུལ་སྐོར་བ་དང་ས་གནས་ཀྱི་ཚོང་གཉེར་བྱེད་པོའི་ཁྲིམས་མཐུན་ཁེ་དབང་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཤིང་། ཡུལ་སྐོར་རྩོད་གཞི་ཐག་གཅོད་ཀྱི་མྱུར་ལམ་ཞིག་བསྐྲུན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། སྔོན་ཆད་གྱོད་གཞི་སྣེ་ལེན་ཁ་ཐོར་དང་མང་ཚོགས་ཕྱོགས་མང་པོར་རྒྱུག་དགོས་པའི་དཀའ་གནད་ལ་དམིགས་ཏེ། མཚོ་ལྷོ་ཁུལ་གྱིས་ཕྱོགས་བསྡུས་སྣེ་ལེན་དང་རིགས་དབྱེའི་བགོ་བཤའ། ཆེད་ལས་འདུམ་སྒྲིག ། ཁྲིམས་འཛིན་གཏན་འབེབས་བཅས་ཀྱི་གོ་རིམ་ཧྲིལ་བོའི་ལས་རིམ་བཙུགས་ཤིང་། རྙོག་འཛིང་ཆུང་བའི་རྩོད་གཞིར་ཐེངས་གཅིག་ལ་བརྡ་ལན་སྤྲོད་པ་དང་། གནས་གཅིག་ནས་སྒྲུབ་གཉེར་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཏེ། ཁེ་དབང་སྲུང་སྐྱོབ་ཀྱི་མ་གནས་ཚད་མཐོ་ཤོས་ཀྱིས་ཇེ་དམའ་རུ་བཏང་ཡོད།

ད་ལོའི་ཟླ5པར། གུང་ཧོ་རྫོང་གིས་དྲ་ཐོག་ནས་འདུམ་འགྲིག་གི་གྲོས་མཐུན་འཇོག་པའི་གྱོད་གཞི་ཐོག་མ་དེ་ཡོངས་སུ་མཇུག་བསྒྲིལ་བ་རེད། ས་ཆ་གཞན་དུ་ཁེ་དབང་སྲུང་སྐྱོང་བྱེད་པའི་དཀའ་གནད་ལ་དམིགས་ནས། གྲངས་འཛིན་ཅན་གྱི་འདུམ་འགྲིག་ལ་སྐུལ་འདེད་བཏང་སྟེ། འདུམ་འགྲིག་གི་ལས་དོན་དེ་ཡུལ་དངོས་སུ་རྒྱུག་པ་ནས་དྲ་ཐོག་ཏུ་སྒྲུབ་པར་བསྒྱུར་བ་དང་། དྲ་ཐོག་རྒྱང་རིང་འདུམ་འགྲིག་གི་དཔེ་དབྱིབས་གསར་གཏོད་བྱས་ཤིང་། སྐད་འཕྲིན་བརྙན་ལམ་བརྒྱུད་དེ་དངོས་བཤེར་དང་གྲོས་མོལ། གློག་རྡུལ་མིང་རྟགས་བཀོད་པ་བཅས་ལེགས་གྲུབ་བྱུང་ནས། བརྒྱུད་རིམ་ཧྲིལ་པོ་གློག་རྡུལ་ཡིག་ཚགས་སུ་འགོད་ཐུབ་པ་བྱུང་ཡོད། ད་ལྟ་ཁུལ་ཡོངས་སུ་ཡུལ་དངོས་སུ་མྱུར་འདུམ་དང་། དྲ་ཐོག་ནས་འགན་ཡོངས་སུ་འཁུར་བའི་ལམ་ལུགས་གཉིས་ཀྱི་རྣམ་པ་ཆགས་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།