
ཟླ8པའི་ཚེས28ཉིན། གསར་འགོད་པས་ཚྭ་མཚེའུ་ལྗོངས་ཁུལ་ནས་རྒྱུས་ལོན་པ་ལྟར་ན། ནམ་མཁའ་མེ་ལོང་ཚྭ་མཚེའུ་ལྗོངས་ཁུལ་གྱིས2026ལོར་ཡུལ་སྐོར་བ་མི་ཐེངས་ཁྲི200ལས་བརྒལ་བ་སྣེ་ལེན་བྱས་ཏེ། ཞིང་ཆེན་ནང་ཁུལ་དུ་ལོ་རེར་ཡུལ་སྐོར་བ་མི་ཐེངས་ཁྲི200ལས་བརྒལ་བའི་མཛེས་ལྗོངས་ཁུལ་ཐོག་མ་རུ་གྱུར།
ཉིན་དེར། ནམ་མཁའ་མེ་ལོང་ཚྭ་མཚེའུ་ལྗོངས་ཁུལ་གྱིས་དྲན་གསོའི་བག་ལེབ་བཟོས་ཤིང་། ཡུལ་དངོས་སུ་བྱ་དགའ་ཡོད་པའི་དྲི་བ་དྲིས་ལན་བྱེད་སྒོ་སྤེལ་བས་ཡུལ་སྐོར་བ་རྣམས་བྱེད་སྒོ་ནང་ཞུགས་པར་ཡིད་དབང་བཀུག ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་བྱེད་སྒོའི་ཁྲོད། ཀོང་ཀྲོའུ་ནས་ཐོན་པའི་བུད་མེད་ཝུའུ་ལགས་ནི་ཡུལ་སྐོར་བ་ཨང་གྲངས་ཁྲི200ཁྲོད་ཀྱི་ཆེས་རྗེས་མ་དེ་ཡིན་པས་མཛེས་ལྗོངས་ཁུལ་གྱིས་བསོད་ནམས་ཅན་གྱི་ཡུལ་སྐོར་བ་བུད་མེད་ཝུའུ་ལགས་ལ་དྲན་རྟེན་གཟེངས་རྟགས་གནང་བ་དང་། དམིགས་བསལ་ལེགས་སྐྱེས་ཕུལ་བར་མ་ཟད། ཁོང་ལ་ཚེ་གང་བོར་རིན་མེད་ངང་མཛེས་ལྗོངས་ཁུལ་འདིར་གཟིགས་སྐོར་བྱེད་ཆོག་པའི་དབང་ཆ་ཡང་སྤྲད།
ཚྭ་མཚེའུ་ལྗོངས་ཁུལ་གྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལས་རིགས་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། ཁོར་ཡུག་སྲུང་སྐྱོབ་ཀྱི་སྤྱི་ཕན་བྱ་འགུལ་རྒྱུན་མཐུད་ངང་སྤེལ་བ་དང་། ཡུལ་སྐོར་བས་འགྱིག་དམ་སྟོང་པ་ལྔ་བསྡུས་ཚེ། ཚྭ་མཚོའུ་རང་བྱུང་ཚྭ་ཁུག་མ་གང་བརྗེ་ལེན་བྱེད་ཆོག་པ་དེས་རྒྱ་ཆེའི་ཡུལ་སྐོར་བ་ཚོ་མཉམ་གཅིག་ཏུ་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་པར་ཁྲིད་སྟོན་བྱས། ཞབས་ཞུའི་སྒྲིག་བཀོད་རྒྱུན་ཆད་མེད་པར་རིམ་སྤོར་བྱེད་པ་དང་། ད་ལོའི་ཚུན་ལ་མཛེས་ལྗོངས་ཁུལ་འདིས་བཟའ་བཏུང་ལས་རིགས་རྒྱ་བསྐྱེད་བཏང་སྟེ་ཚོང་རྟགས་གྲགས་ཅན་གྱི་ཟ་ཁང་ནང་འདྲེན་བྱེད་པ་དང་། ཁེན་ཏེ་ཅི་དང་ཏེ་ཁེ་སི་སོགས་ཚྭ་མཚེའུ་ལྗོངས་ཁུལ་དུ་ཐོན་པ་སོགས་ཟས་རིགས་སྣ་མང་ཕུན་སུམ་ཚོགས་པ་མཁོ་སྤྲོད་བྱས་པ་བརྒྱུད། ཁྱིམ་ཚང་འགྲུལ་བཞུད་དང་ཕ་མ་བུ་ཕྲུག་མཉམ་སྐྱོད་སོགས་དགོས་མཁོ་སྣ་མང་སྐོང་ཐུབ་པ་དང་། མི་ཚོགས་ཁྱད་པར་བ་དག་གི་འགྲོ་འདུག་དགོས་མཁོར་དམིགས་ནས། མཛེས་ལྗོངས་ཁུལ་གྱིས་གེགས་མེད་མཐུན་རྐྱེན་མུ་མཐུད་དུ་འཐུས་ཚང་དུ་བཏང་བ་དང་། དབང་པོ་སྐྱོན་ཅན་གྱི་ཡུལ་སྐོར་བ་རྣམས་བློ་བདེ་ཞིང་སེམས་སྐྱིད་པའི་ངང་ནས་འགྲོ་འོང་བྱེད་ཐུབ་པར་ཁག་ཐེག་བྱས།
ཚྭ་མཚེའུ་མཛེས་ལྗོངས་ཁུལ་གྱིས་རིག་གནས་ནང་དོན་གཏིང་ཟབ་ཏུ་སྔོག་འདོན་བྱས་ཏེ། ཚྭ་མཚོའི་དངོས་མང་བཤམས་སྟོན་ཁང་ལེགས་བཅོས་བྱས་པ་དང་། ཁྱད་ལྡན་ཞིབ་འཇུག་སློབ་སྦྱོང་གི་སློབ་ཚན་རབ་དང་རིམ་པ་གསར་སྤེལ་བྱས་ནས། ཚྭ་མཚོའི་རང་བྱུང་ཐོན་ཁུངས་དེ་དག་སྤུས་ལེགས་སློབ་གསོའི་རྒྱུ་ཆ་རུ་བསྒྱུར་ཡོད་ལ། "མཛེས་སྡུག་ལམ་ཆེན་མེ་འཁོར"ཞེས་པའི་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་མཚན་མོར་བསྐྱོད་པའི་ལས་གཞི་གསར་པ་བཏོན་ཅིང་། "མེ་འཁོར་འགྲིམ་འགྲུལ་དང་མཚན་མོའི་ཡུལ་ལྗོངས་ཉམས་ལེན་བྱེད་པ། དམངས་སྲོལ་ཉམས་ལེནདང་མཚན་མོ་འཛད་སྤྱོད"བཅས་གཞི་གཅིག་ཏུ་འདུས་པའི་འཕེལ་རྒྱས་གཏོང་སྟངས་གསར་བ་བསྐྲུན་ཏེ། རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་ཁྱབ་ཁོངས་གསར་པ་ཕྱེས།
ད་ལོའི་དབྱར་གནང་སྐབས་སུ། ཚྭ་མཚེའུ་ལྗོངས་ཁུལ་གྱིས་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་སློབ་མ་དང་སློབ་གྲྭ་ཆེན་མོ་མཐར་ཕྱིན་མ་ཐག་པའི་སློབ་མ་ཚོར་སྒོ་འཛིན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས་པ་དང་། ཁམས་རའི་མཛེས་ལྗོངས་ཁུལ་དང་མཉམ་འབྲེལ་བྱས་ཏེ"ཚྭ་མཚེའུ་དང་ཁམས་རའི"རིན་གོང་དམའ་བའི་སྤ་སེ་བཏོན་པ་དང་། དྲ་ཐོག་སྟེགས་བུ་བརྒྱུད་ནས་ཉོ་སྒྲུབ་ལམ་བུ་རྒྱ་བསྐྱེད་དེ། སྤུས་ཚད་མཐོ་བའི་རིག་གནས་ཡུལ་སྐོར་ཐོན་ཁུངས་མཉམ་སྤྱོད་བྱེད་པར་མངོན་འགྱུར་བྱུང་། །