ཟླ9པའི་ཚེས9ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་ཐེ་ལན་རྒྱལ་ཁབ་ཀྱི་ཆིན་མའེ་བཞུགས་ཤག་གི་ཧྲིན་ཀྲང་གཞོན་པ་ཞི་ཝ་ཀུང་.པུའུ་ཕིན་གིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས་པ་མ་ཟད། མཚོ་སྔོན་ཞིང་ཆེན་དང་ཆིན་མའེ་བཞུགས་ཤག་བར་མཛའ་འབྲེལ་གྱི་ཞིང་ཆེན་དང་བཞུགས་ཤག་གི་འབྲེལ་བ་འཛུགས་པའི་རེ་འདོད་ཡི་གེ་བརྗེ་རེས་ཀྱི་བྱེད་སྒོར་ཞུགས།
ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚབ་བྱས་ཏེ་འཐུས་ཚབ་ཚོགས་པ་དང་འཁོར་དང་བཅས་པར་དགའ་བསུ་ཞུས། ཁོས་བཤད་རྒྱུར། ཀྲུང་ཐེའི་མཛའ་བརྩེའི་འབྲེལ་བའི་རྒྱུན་རིང་ཞིང་། མི་རབས་རེ་རེའི་གྲོགས་པོ་བཟང་བོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐེ་ལན་ཕྱོགས་ཀྱི་འགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་ཐེ་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་སྔར་ལས་མི་སེམས་སུ་སིམ་པར་བྱས་ཡོད། ཉེ་བའི་ལོ་འདི་འགར། མཚོ་སྔོན་གྱིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་མུ་མཐུད་ཆེ་རུ་བསྐྱེད་ཅིང་། ཐེ་ལན་གྱི་ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་། ཁྱད་ལྡན་ཞིང་ཞོར་ཐོན་རྫས་སོགས་ཁྱབ་ཁོངས་ནས་ཕྱོགས་གཉིས་ཀྱི་ཉོ་ཚོང་མྱུར་དུ་འཕར་སྣོན་བྱུང་ཞིང་། འཕེལ་རྒྱས་རྣམ་པ་ལེགས་པོ་མངོན་ཡོད། ས་གནས་གཉིས་ཀྱི་དམངས་ཁྲོད་ཀྱི་འགྲོ་འོང་ཡང་ཉིན་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་པ་ནི་ཀྲུང་ཐེའི་མཛའ་བརྩེའི་འགྲོ་འོང་གི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཏུ་གྱུར་ཡོད། ཀྲུང་ཐེའི་འབྲེལ་བའི་གསེར་མདོག་གི་ལོ་ངོ50གསར་བའི་འགོ་རྩོམ་ས་གསར་བ་ནས་འགྲེང་པ་དང་། ཐེངས་འདིའི་མཛའ་འབྲེལ་ཞིང་ཆེན་དང་བཞུགས་ཤག་བར་གྱི་རེ་འདོད་ཡི་གེ་བརྗེ་རེས་བྱས་པ་གོ་སྐབས་གསར་བ་ཞིག་ཏུ་བརྩིས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། མི་ཚུལ་རིག་གནས་སྤེལ་རེས་དཔེ་ལྟ་སོགས་གཙོར་བྱས་ཏེ། རྫ་ཆུ་དང་མེ་ཀུང་ཆུ་བོའི་མཉམ་ལས་གྲུབ་འབྲས་མུ་མཐུད་དུ་རྒྱ་བསྐྱེད་དགོས་ལ། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་བར་གྱི་འཐབ་ཇུས་ངོས་འཛིན་ཐུན་མོང་ཐོག་དོན་འཁྱོལ་བྱས་ནས། ཀྲུང་ཐེའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྟོབས་ཤུགས་འབུལ་དགོས།
ཞི་ཝ་ཀུང་.པུའུ་ཕིན་གྱིས་བསྟན་དོན། མཚོ་སྔོན་དང་ཆིན་མའེ་གཉིས་བར་མཛའ་བརྩེ་འགྲོ་འོང་ཡོད་པས། ཀྲུང་ཐེའི་སྲོལ་རྒྱུན་མཛའ་བརྩེ་ཇེ་ཟབ་ཏུ་བཏང་བ་མ་ཟད། ལྷག་པར་དུ་དཔལ་འབྱོར་ཉོ་ཚོང་གི་ཕན་ཚུན་གསབ་རེས་དང་སྐྱེ་ཁམས་མཉམ་བཅོས། མི་ཚུལ་རིག་གནས་མཉམ་འགུལ་སོགས་ཕྱོགས་ནས་དངོས་འབྲས་རང་བཞིན་གྱི་གྲུབ་འབྲས་མང་པོ་བླངས་ཡོད། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བཅོས་སྐྱོང་། ཐོན་ལས་འཕེལ་རྒྱས། རིག་གནས་སློབ་གསོ་སོགས་ཐད་ནས་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་བླངས་ཤིང་། དཔེ་ལྟའི་རིན་ཐང་ལྡན་པའི་ཉམས་མྱོང་མང་པོ་བསགས་ཡོད། ཆིན་མའེ་ཡིས་མཚོ་སྔོན་དང་མཉམ་དུ་ཕྱོགས་སོ་སོ་དང་ཁྱབ་ཁོངས་མང་པོའི་མཉམ་ལས་སྤེལ་རེས་ཤུགས་དྲག་ཏུ་གཏོང་རྒྱུ་མ་ཟད། ས་གནས་གཉིས་ཀྱི་མཛའ་བརྩེ་སྔར་ལས་ཟབ་པར་སྐུལ་འདེད་བཏང་ནས། སྔར་ལས་དམ་ཟབ་ཀྱི་རྫ་ཆུ་དང་མེ་ཀུང་ཆུ་བོའི་རྒྱལ་ཁབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་ས་གནས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད།
ཐུག་འཕྲད་ཀྱི་རྗེས་སུ། དབྱང་ཀྲི་ཝུན་དང་། ཞི་ཝ་ཀུང་.པུའུ་ཕིན་གྱིས་ཕྱོགས་གཉིས་ཀྱི་ཚབ་བྱས་ཏེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་སྔོན་ཞིང་ཆེན་དང་ཐེ་ལན་རྒྱལ་ཁབ་ཀྱི་ཆིན་མའེ་བཞུགས་ཤག་བར་མཛའ་བརྩེའི་ཞིང་ཆེན་དང་བཞུགས་ཤག་གི་འབྲེལ་བ་འཛུགས་པའི་རེ་འདོད་ཡི་གེ》བརྗེ་རེས་བྱས།