ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་སྲོལ་ཡིག》གི་ཁྲིམས་བསྟར་ཞིབ་བཤེར་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས31ཉིན་ནས་ཟླ9པའི་ཚེས3ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས《མཚོ་སྔོན་ཞིང་ཆེན་གྱི་ཐུན་འབུའི་ནད་འགོག་བཅོས་སྲོལ་ཡིག》གི་ཁྲིམས་བསྟར་ཞིབ་བཤེར་བྱས།

ཞིབ་བཤེར་ཚན་ཆུང་རྫ་སྟོད་རྫོང་དང་ཁྲི་འདུ་རྫོང་གི་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་ཕྱུགས་སྨན་ས་ཚིགས། སློབ་གྲྭ། ཁྱི་གསོ་ས་ཚིགས་དང་སྲིད་འཛིན་སྡེ་བ་སོགས་གཞི་རིམ་དུ་ཟབ་ཞུགས་བྱས་ཏེ། ཡུལ་དངོས་ནས་ཁྱི་ལྡོམ་ཚོད་འཛིན་དང་རི་སྐྱེས་གནས་བདག་ལྟ་ཞིབ། ཆུའི་ཐོན་ཁུངས་འགོག་སྲུང་དང་ཐུམ་འབུའི་ནད་བྱུང་བའི་མི་ཚོགས་ལ་ལེབ་བཤེར་བྱེད་པ་སོགས་ཁྲིམས་བཀོད་འགན་འཁྲི་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པར་མ་ཟད། གཞི་རིམ་ལས་བྱེད་མང་ཚོགས་དང་ངོ་འཕྲད་བསམ་བློ་བརྗེ་རེས་བྱས་ཏེ་བསམ་འཆར་བསྡུ་ལེན་བྱས།

ཞིབ་བཤེར་ཚན་ཆུང་གི་ནན་གྱིས་བསྟན་དོན། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་སྲོལ་ཡིག་གི་འབྲེལ་ཡོད་གཏན་འབེབས་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་ཐུམ་འབུའི་ནད་འགོག་བཅོས་ཀྱི་སྤྱིའི་དམིགས་འབེན་ལ་དམ་པོར་དམིགས་ཏེ། ལས་འགན་གྱི་གསལ་ཐོ་ཞི་ཕྲ་བཟོ་བ་དང་། ལེགས་བཅོས་ཀྱི་རྩིས་ཁྲ་བཟོ་བ། འགན་འཁྲི་དོན་འཁྱོལ་ལ་ཁག་ཐེག་བཅས་བྱེད་དགོས། ཁྱོན་ཡོངས་ནས་སྒོ་ཁྱིའི་ཡིག་ཚགས་བཟོ་བ་དང་ཐོ་འགོད་བྱེད་པ། ཁྱི་སྐྱག་ལ་གཅིག་བསྡུས་ཀྱིས་ཞིབ་བཤེར་དང་གཙང་སེལ་བྱེད་པའི་ལམས་ལུགས་དོན་འཁྱོལ་བྱས་ཏེ། རྒྱུན་རྣམ་ཅན་གྱི་རྣམ་པས་ཁྱི་སྡོམ་གཙང་སེལ་དང་བཅོས་སྐྱོང་བྱེད་དགོས། ནོར་ལུག་གི་བཙན་ཤེད་འགོག་སྨན་དང་བཤས་གཏོང་གི་གོ་རིམ་ཧྲིལ་བོར་ལྟ་སྐུལ་དོ་དམ་བྱེད་པ་དམ་འཛིན་བྱས་ཏེ། དུས་ལྟར་ལེབ་བཤེར་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། ཐུམ་འབུའི་ནད་ཀྱི་དྲ་མིག་ཅན་གྱི་ཆ་འཕྲིན་དོ་དམ་མ་ལག་ཚད་ལྡན་དུ་བཏང་སྟེ། ནད་པའི་འགུལ་རྣམ་དོ་དོམ་རྩིས་ཁྲ་དང་རྒྱུན་རྣམ་ཅན་གྱི་སྒོ་བཅར་སྨན་སྤྱོད་མཛུབ་སྟོན་བྱེད་དགོས། ཁྱོན་ཡོངས་ནས“རིན་མེད་གསུམ་དང་ཁ་གསབ་གཅིག”གི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ནད་རྐྱེན་གྱིས་དབུལ་བོར་འགྱུར་བ་དང་ནད་རྐྱེན་གྱིས་ཕྱིར་དབུལ་བོར་འགྱུར་བའི་ཚད་མཐའ་བརྟན་སྲུང་བྱེད་དགོས། འཕྲོད་བསྟེན་དང་ཞིང་ཕྱུགས། སྤྱི་བདེ། ནགས་རྩྭ་སོགས་སྡེ་ཁག་མང་པོའི་རྒྱུན་རྣམ་ཅན་གྱི་མཉམ་འབྲེལ་བྱ་བའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཆ་འཕྲིན་མཉམ་སྤྱོད་དང་འགུལ་སྤྱོད་དུས་མཉམ། ལྟ་སྐུལ་དོ་དམ་གྱི་མཐུན་སྦྱོར་བཅས་མངོན་འགྱུར་བྱེད་དགོས། རྒྱུན་མཐུད་ངང་དྲིལ་བསྒྲགས་བྱེད་ཐབས་གསར་གཏོད་བྱེད་པ་དང་། རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་ཚན་རིག་ཤེས་བྱའི་དྲིལ་བསྒྲགས་དང་སློབ་གསོ་བྱ་བར་ཤུགས་བསྣན་ཏེ། སྙིང་རུས་གཏན་འཁྱོངས་ཀྱི་སྒོ་ནས་རིམས་ནད་འགོག་སྲུང་གི་ཚད་མཐའ་བརྟན་པོར་བསྲུང་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།