མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པས་ཧྥུའུ་ཅན་དུ་སློབ་སྦྱོང་དང་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9པའི་ཚེས7ཉིན་ནས་ཚེས9ཉིན་བར། ཧྥུའུ་ཅན་དུ་ཀྲུང་གོ་རྒྱལ་སྤྱིའི་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་དྲུག་པར་ཞུགས་པའི་མཚོ་སྔོན་མགྲོན་བདག་ཞིང་ཆེན་གྱི་བྱེད་སྒོ་སྤེལ་བའི་དུས་ཡུན་རིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་སྣེ་ཁྲིད་པའི་མཚོ་སྔོན་འཐུས་ཚབ་ཚོགས་པ་ཞ་མོན་གྲོང་ཁྱེར་དང་ཆོན་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་བྱས་ཏེ། རྒྱུན་རྣམ་ཅན་གྱི་སྒོ་ནས་ཤར་ནུབ་རྒྱུད་མཉམ་ལས་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཧྥུའུ་ཅན་ལག་ལེན་གྱི་སྔོན་ཐོན་འདུ་ཤེས་དང་གསར་གཏོད་ཀྱི་ཉམས་མྱོང་ལ་སློབ་སྦྱོང་དང་དཔེ་ལྟ་བྱས་ལ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་རྩོམ་ས་གསར་པར་རྐང་བཙུགས་ནས་མཚོ་སྔོན་དང་ཧྥུའུ་ཅན་གྱི་སྤེལ་རེས་མཉམ་ལས་སྐས་ཐེམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་སྟེ། ཐུན་མོང་ཐོག་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་བྱས་རྗེས་གསར་བ་འཇོག་དགོས། ཧྥུའུ་ཅན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཀྲའོ་ལུང་དང་ལུའོ་ཏུང་ཁྲོན་འཁོར་དང་བཅས་པས་བཞུགས་མོལ་སྤེལ་རེས་བྱས།

བཞུགས་མོལ་ཁྲོད། ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱི་ཚབ་བྱས་ཏེ་ཧྥུའུ་ཅན་གྱིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་རོགས་སྐྱོར་གནང་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། ཧྥུའུ་ཅན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གསོ་སྐྱོང་ས་གནས་དང་ལག་ལེན་ས་གནས་གཙོ་བོ་ཡིན་པས། ཉེ་བའི་ལོ་འདི་འགར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐུ་དངོས་སུ་ཐུགས་བཀོད་གནང་བའི“ལམ་སྲོལ་ལེགས་པ།  ཐོན་ལས་བཟང་བ། མང་ཚོགས་ཕྱུག་འགྱུར། སྐྱེ་ཁམས་མཛེས་པ་བཅས་ཀྱི་ཧྥུའུ་ཅན་གསར་བའི་འཕེལ་རྒྱས་འཆར་འགོད་དང་། “སྔར་ལས་ཆེ་བ་བཞི”ཡི་བླང་བྱ་གལ་ཆེན་ལྟར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཧྥུའུ་ཅན་ལག་ལེན་ལ་རྒྱུན་མཐུད་ངང་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་ཡོད། མཚོ་སྔོན་དང་ཧྥུའུ་ཅན་གཉིས་ལ་རི་ཆུ་སྟོང་ཕྲག་བརྒལ་བའི་མཛའ་བརྩེ་ཟབ་མོ་ཡོད་ལ། ཐོན་ལས་ཀྱི་དགེ་མཚན་གསབ་རེས་དང་། མཉམ་ལས་ཀྱི་མདུན་ལྗོངས་སྔར་བས་རྒྱ་ཆེ་བ་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་སླེབས་པ་ནས་བཟུང་། མཚོ་སྔོན་དང་ཧྥུའུ་ཅན་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་ལ་བློ་སེམས་རྩེ་གཅིག་གིས་མདུན་སྐྱོད་བྱས་ཏེ། ཕྱོགས་གཉིས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མཉམ་ལས་ཟབ་སྤེལ་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཉམས་མྱོང་དེ་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ། ནུས་རིམ་མཐོ་བའི་གསར་གཏོད་ཀྱི་ལས་སྟེགས་མཉམ་སྐྲུན། ཚྭ་མཚོའི་ཐོན་ཁུངས་ཆོད་ཆེའི་ངང་འདོན་སྤེལ་དང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བའི་ཐོན་ལས་ཀྱི་སྦྲེལ་ཐག་རྒྱ་བསྐྱེད་པ། “མཚོ་སྔོན་གྱི་གློག་ཧྥུའུ་ཅན་དུ་འདྲེན་པ”དང“ཧྥུའུ་ཅན་གྱི་གཞི་གྲངས་མཚོ་སྔོན་གྱིས་བརྩི་བ”མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་བསྐྲུན་པ། སྐྱེ་ཁམས་རིག་གནས་ཡུལ་སྐོར་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་རིན་ཐང་མཐོར་འདེགས་གཏོང་བའི་ལེའུ་རྩོམ་པ། ལག་གདང་སྦྲེལ་ཏེ་མཚོ་སྔོན་དང་ཧྥུའུ་ཅན་གྱི་སྤེལ་རེས་མཉམ་ལས་དེ་ཁྱབ་ཁོངས་སྔར་བས་ཡངས་པ་དང་ཆུ་ཚད་སྔར་ལས་མཐོ་བ། གཏིང་རིམ་སྔར་ལས་ཟབ་པར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཟེར།

ཧྥུའུ་ཅན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཀྲོའུ་ཙུའུ་དབྱི་ཡི་མངགས་བཅོལ་ལྟར། ཀྲའོ་ལུང་གིས་ཧྥུའུ་ཅན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ལུའོ་ཏུང་ཁྲོན་དང་དེ་བཞིན་འཐུས་ཚབ་ཚོགས་པའི་འཁོར་དང་བཅས་པ་ཧྥུའུ་ཅན་དུ་ཐོན་པར་དགའ་བསུ་ཞུས་པ་དང་། མཚོ་སྔོན་གྱིས་དུས་ཡུན་རིང་བོར་ཧྥུའུ་ཅན་གྱི་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཉེ་བའི་ལོ་འདི་འགར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་གྱི་དམིགས་འབེན་ལ་གཞི་བཙུགས་ཏེ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་དུ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་རྒྱས་གསར་བ་དང་གྲུབ་འབྲས་གསར་བ་བླངས་ཡོད། ས་གནས་གཉིས་ཀྱིས་སོ་སོའི་རང་བྱུང་ཐོན་ཁུངས་ཀྱི་དགེ་མཚན་དང་ས་ཁུལ་གྱི་དགེ་མཚན་ལ་གཞི་བཙུགས་ཏེ། དག་གཙང་ནུས་ཁུངས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་སྦྲེལ་མཐུད་མཉམ་ལས་ཟབ་སྤེལ་བྱེད་པ་དང་། དགེ་མཚན་གསབ་རེས་དང་གཉིས་ཕན་མཉམ་རྒྱལ་ལ་སྐུལ་འདེད་བཏང་ནས། ཐུན་མོང་གིས་མཚོ་སྔོན་དང་ཧྥུའུ་ཅན་གྱི་སྤུས་ཚད་མཐོ་བའི་མཉམ་ལས་འཕེལ་རྒྱས་ལ་ལེའུ་གསར་བ་རྩོམ་དགོས།

ཧྥུའུ་ཅན་དུ་ཡོད་པའི་སྐབས། འཐུས་ཚབ་ཚོགས་པ་འཁོར་དང་བཅས་པས་སྔ་རྗེས་སུ་ཞ་མོན་སློབ་ཆེན་དང་ཡུན་ཏེང་མཚོ། ཧའེ་སི་བཅའ་ཁྲིམས་ཞབས་ཞུ་ཁུལ། ཞ་མོན་རྒྱལ་སྤྱིའི་ཉོ་ཚོང་མ་རྐང་ཚོད་འཛིན་སྡེ་ཚོགས། ཞ་མོན་ཞང་ཨན་རྒྱལ་སྤྱིའི་གནམ་གྲུ་ཐང་དང་ཨན་ཐཱ་སྡེ་ཚོགས། ཅིན་ཅང་ཉམས་མྱོང་ཁང་། ཕན་ཕན་ཟས་རིགས་སྡེ་ཚོགས། ཅིན་ཅང་ཝུའུ་ཏེན་གྲོང་ཁྱེར་སྲོལ་རྒྱུན་ཁྲོམ་ཁུལ། ཅིན་ཅང་ཉི་འོད་མཚན་ཁྲོམ་བཅས་སུ་སོང་སྟེ་ཡུལ་དངོས་ནས་ཚན་རྩལ་གསར་གཏོད་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན། རིག་ནུས་བཟོ་སྐྲུན་དང་སྤུས་རྟགས་གཉེར་སྐྱོང་། མཁའ་འགྲུལ་ལྟེ་གནས་དང་གྲུ་ཁ་འཛུགས་སྐྲུན། རྫོང་ཁོངས་དཔལ་འབྱོར་གྱི་འཕེལ་རྒྱས། ཞིང་ལས་ཐོན་རྫས་ཀྱི་ཞིབ་ཚགས་ལས་སྣོན། རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་ཡུལ་རྣམ་གསར་བ་དང་ལས་རྣམ་གསར་བ་གསོ་སྐྱོང་སོགས་ཐད་ཀྱི་ཉམས་མྱོང་དང་སྒྲུབ་སྟངས་ལ་སློབ་སྦྱོང་དང་རྟོག་ཞིབ་བྱས་ཏེ། ཧུར་ཐག་གིས་ཚོང་གཏམ་ལས་དོན་ཀྱི་མཉམ་ལས་བྱ་བར་སྦྲེལ་མཐུད་བྱས།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ཧེ་ཧུང་དང་། ཧྥུའུ་ཅན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིན་རོས་ལེང་། ཝུའུ་པིན། ཞ་མོན་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲང་ཀའོ་ཝང་བཅས་སོ་སོ་འབྲེལ་ཡོད་བྱེད་སྒོར་ཞུགས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།