ཟླ9པའི་ཚེས1ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གཉིས་ཀྱིས་ཀྲུང་གོ་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། འགོ་གཙོ་ཀྲང་ཧོས་སོགས་དང་ཐུག་འཕྲད་བྱས།
ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚབ་བྱས་ནས་ཀྲང་ཧོས་སོགས་ལ་དགའ་བསུ་ཞུས་པ་མ་ཟད། ཀྲུང་གོ་དངུལ་ཁང་གིས་མཚོ་སྔོན་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཆེ་ཞུས། ཁོ་ཚོས་བཤད་རྒྱུར། མཚོ་སྔོན་འདི་ཉིད་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་ཐོན་ཁུངས་མོད་པའི་ཞིང་ཆེན་ཆེན་པོ། མི་རིགས་མང་བའི་ཞིང་ཆེན་ཆེན་པོ་བཅས་ཡིན་པའི་ཆ་ནས། སྐྱེ་ཁམས་བདེ་འཇགས་དང་རྒྱལ་ཁོངས་བདེ་འཇགས། ནུས་ཁུངས་ཐོན་ཁུངས་བདེ་འཇགས་བཅས་ལ་སྲུང་སྐྱོང་བྱེད་པའི་ལས་འགན་གལ་ཆེན་ཕྲག་ཏུ་བླངས་ཡོད། ཉེ་བའི་ལོ་འགའི་རིང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ཞིང་། སྐྱེ་ཁམས་གཙོར་འཛིན་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་རིམ་གསར་བར་བསྐྱོད་སྐབས། ཀྲུང་གོ་དངུལ་ཁང་གིས་གོ་ལ་ཅན་གྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་དང་ལྗང་མདོག་རྩིས་ནུས་སོགས་ཀྱི་དགེ་མཚན་ཁྱབ་ཁོངས་ལ་དམིགས་ནས། གཙོ་གནད་ཐོན་ལས་དང་ལས་གཞི་གལ་ཆེན། ཕྱི་ཕྱོགས་ཉོ་ཚོང་དཔལ་འབྱོར་བཅས་ཀྱི་ཐད་གསར་གཏོད་དངུལ་རྩའི་ཞབས་ཞུ་སྔར་ལས་མང་པོ་འདོན་སྤྲོད་བྱེད་པ་དང་། དངུལ་རྩའི་ཐོན་ཁུངས་འདོན་སྤྲོད་བསྟུད་མར་རྒྱ་བསྐྱེད་དེ། མཚོ་སྔོན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཕེལ་རྒྱས་དང་ལྷག་པར་དུ་ལྗང་མདོག་གསར་གཏོད་ཚུར་སྒྱུར་འཕེལ་རྒྱས་ཐད་སྔར་ལས་རྒྱབ་སྐྱོར་ཆེན་པོ་འདོན་སྤྲོད་བྱས་ནས། མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་སྔར་ལས་ཡག་པོར་རྩོམ་ཐུབ་པར་རོགས་ཤུགས་འདོན་པའི་རེ་བ་བཅངས་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་གོ་དངུལ་ཁང་མཚོ་སྔོན་དུ་འཕེལ་རྒྱས་འགྲོ་བར་སྔར་བཞིན་ཁོར་ཡུག་ལེགས་པོ་བསྐྲུན་རྒྱུ་ཡིན།
ཀྲང་ཧོས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཡུན་རིང་པོར་ཀྲུང་གོ་དངུལ་ཁང་ལ་དོ་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་མངོན་གསལ་ཡིན་ལ་ཐོན་ཁུངས་ཀྱི་དགེ་མཚན་འབུར་དུ་ཐོན་པ་དང་། འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་ལྡན་པས། ཀྲུང་གོ་དངུལ་ཁང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གོ་ལ་ཅན་དང་ཕྱོགས་བསྡུས་ཅན་གྱི་ཚོང་གཉེར་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་དང་ལྗང་མདོག་རྩིས་ནུས་འཕེལ་རྒྱས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་སོགས་ཁྱབ་ཁོངས་སུ་མཚོ་སྔོན་ཞིང་ཆེན་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་བསྟུད་མར་ཆེ་རུ་བཏང་སྟེ། ལག་རྡང་སྦྲེལ་ནས་ཀྲུང་དབྱང་དང་ས་གནས་མཉམ་ལས་ཀྱི་ལེའུ་གསར་བ་འབྲི་རྒྱུ་ཡིན།