བསྟུད་མར་ཉིན་འགའི་རིང་། མཚོ་སྔོན་ཞིང་ཆེན་དུ་ཆར་བ་ཆེན་པོ་ཐེངས་མང་བབས་པའི་དབང་གིས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམང་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་ཞིང་ཆེན་འཕྲལ་བསྟུན་བཀོད་འདོམས་པུའུ་རུ་སོང་ནས། ཞིང་ཆེན་ཡོངས་ཀྱི་ཞོད་འགོག་བྱ་བར་བཀོད་གཏོང་བྱས་ནས། བརྙན་ལམ་སྦྲེལ་མཐུད་ཀྱི་རྣམ་པའི་ཐོག་ནས་འབྲེལ་ཡོད་གྲོང་ཁྱེར་དང་རྫོང་གི་བྱ་བར་བཀོད་སྒྲིག་བྱས། ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་གྲུ་ཁའི་འདམ་རུད་ཀྱི་གནོད་འཚེའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཞོད་འགོག་བྱ་བའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བ་རྒྱུན་འཁྱོངས། མཐར་ཐུག་གི་བསམ་གཞིགས་དང་ཚད་མཐའི་བསམ་གཞིགས་རྒྱུན་འཁྱོངས། སྔོན་འགོག་གཙོ་བོར་འཛིན་པ་དང་སྤྱི་ཚོགས་ཀྱིས་མཉམ་དུ་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས། ཉེན་ཁ་དང་འགལ་རྐྱེན་སྣ་ཚོགས་ལ་གྲལ་བཤེར་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་པ། བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཕྲ་བཅས་བྱས་ནས། གནོད་འཚེ་ཚབས་ཆེན་དང་ལས་འཛོལ་ཚབས་ཆེན་འབྱུང་རྒྱུར་མཐའ་གཅིག་ཏུ་དོགས་ཟོན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱེད་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཚོགས་འདུར་འགོ་འཛིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྐྱིད་གྲོང་གྲུ་ཁའི་འདམ་རུད་ཀྱི་གནོད་འཚེ་ལས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་གཅིག་འདོམས་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་འགྲེངས་ཏེ། “མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བའི”བླ་ན་མེད་པའི་འདུ་ཤེས་དང་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མངོན་པར་བསྟན་ནས། ང་ཚོས་ཞོད་འགོག་རྒུད་སྐྱོབ་ལས་དོན་ཡག་པོ་སྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་བརྟན་པོར་འཁུར་བ་དང་། ཞོད་འགོག་གི་མཁྲེགས་གཏོར་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པ། མང་ཚོགས་རྐྱེན་ལམ་དུ་མི་ཤོར་བ་དང་མང་ཚོགས་ལ་རྨས་སྐྱོན་མི་ཕོག་པའི་ཚད་མཐའ་བརྟན་པོར་སྲུང་བ་བཅས་བྱས་མཐར། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ད་ཐེངས་ཀྱི་ཆུ་ལོག་གནས་ཚུལ་ཛ་དྲག་དང་རྙོག་འཛིང་ཆེ་བ་དང་། ཆུ་ལོག་བྱུང་བའི་ས་ཁུལ་རིམ་བརྩེགས་ཡིན་པ། མཚན་མོའི་ཆར་ཆུ་མངོན་གསལ་ཡིན་པ་སོགས་ཀྱི་ཁྱད་ཆོས་ལྡན་པ་དང་། ས་རྒྱུའི་ནང་བརླན་ཚད་མཐོ་བ། ཞོར་ཐོན་གནོད་འཚེ་འབྱུང་ངེས་པའི་ཚད་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། མ་ལག་ཚང་བའི་བསམ་གཞིགས་དང་མཐར་ཐུག་གི་བསམ་གཞིགས་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཆུ་ལོག་དང་ས་གཤིས་གནོད་འཚེ་ཡི་ཐོལ་བྱུང་རང་བཞིན་དང་ཡིབ་སྐུང་རང་བཞིན། རྗེས་ལུས་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱས་ཏེ། སྔོན་འགོག་དང་ཞན་ཆ་ལས་སྔོན་འགོག་གཙོ་བོར་འཛིན་པ་དང་། སྣང་མེད་ཀྱི་བསམ་བློ་དང་སྟེས་དབང་གི་བསམ་པ་ཅི་རིགས་མཐའ་གཅིག་ཏུ་དོར་ཏེ། ཉེན་ཁ་ཡོད་སར་བརྟག་དཔྱད་དང་ཆད་སྐྱོན་གསབ་པ། ཞན་ཆ་འགོག་པ་བཅས་བྱས་ནས། ཞོད་འགོག་བྱ་བའི་རང་འགུལ་དབང་ཆར་སྟངས་འཛིན་ནན་མོ་བྱེད་དགོས། ཕྱོགས་བསྡུས་ཞིབ་འཇུག་དང་བརྡར་གཅོད་ཐག་གཅོད་བཅས་རྒྱུན་འཁྱོངས་བྱས་ཏེ། རི་འགྲམ་དུ་གནས་པའི་སྡེ་གྲོང་དང་སྒེར་འཁོར་བསྐོར་ནས་སོང་ན་སྒར་རྒྱག་ས། ཡུལ་སྐོར་མཛེས་ལྗོངས་ཁུལ། དགོན་སྡེ། གཙང་བོ་དང་ཆུ་མཛོད། ཕྱི་རོལ་གྱི་ལས་ཡུལ། བགྲོད་ལམ་འགྲིམ་འགྲུལ་སོགས་གཙོ་གནད་ཁག་ལ་སླར་ཡང་གྲལ་བཤེར་བྱས་ཏེ། ཉེན་ཁའི་སྔ་ལྟས་ཐོན་ཚེ་བློ་ཐག་ཆོད་པོས་མང་ཚོགས་རྩ་འཛུགས་བྱས་ནས་གནས་སྤོར་བྱས་ཏེ། གང་མགྱོགས་གནས་སྤོར་བྱེད་དགོས་པ་ཚང་མ་གནས་སྤོར་དང་བཀོད་སྒྲིག་འོས་འཚམ་བྱེད་དགོས། ས་གནས་དང་སྡེ་ཁག་སོ་སོའི་ཏང་སྲིད་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་རྣམས་ཀྱིས་མདུན་དུ་སོང་ནས་བཀོད་འདོམས་དང་ལས་གནས་སྟེང་ནས་ལས་འགན་སྒྲུབ་པ། ལས་རེས་ལས་སྲུང་དང་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་ལས་རེས་བྱེད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། འགག་རྩའི་ལས་གནས་ཀྱི་སྟོབས་ཤུགས་ལ་ཤུགས་སྣོན་པ། བཀའ་བཀོད་ཤར་གཏོང་དང་ཐག་གཅོད་ཆོད་ཆེ་ཡོང་བར་འགན་ལེན་བཅས་བྱས་ནས། ས་སྲུང་ལ་འགན་འཁྲི་ཡོད་པ་དང་། ས་སྲུང་ལ་འགན་ཁུར་བ། ས་སྲུང་ལ་འགན་གཙང་ལེན་བྱེད་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས།
ཚོགས་ཐོག་ནས་ཞིང་ཆེན་གནམ་གཤིས་ཅུས་དང་ཞིང་ཆེན་ཆུ་བེད་ཐིང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་ཁུལ། གཅན་ཚ་རྫོང་། མིན་ཡོན་རྫོང་། རྟ་ཐང་རྫོང་། ཧུའུ་ཀྲུའུ་རྫོང་བཅས་ཀྱིས་ཞོད་འགོག་བྱ་བའི་གནས་ཚུལ་ཡར་ཞུ་བྱས།
ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་། ཝུའུ་ལ་ཙི་པེ་ཁི·རུ་སུའུ་ལི་ཧན། ཀྲུའུ་ཞང་ཧྥིན། ཁྲུན་ཅི་ཝེ་བཅས་ཚོགས་ར་གཙོ་བོའམ་ཡང་ན་ཡན་ལག་ཚོགས་རར་ཞུགས།