ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གྲོང་ཁྱེར་དུ་སྤྱི་ཚོགས་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ8པའི་ཚེས25ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གྲོང་ཁྱེར་དུ་སྤྱི་ཚོགས་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཚོགས་བཅོས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་གི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་དམིགས་འབེན་གཏན་འཁེལ་བྱས་ཏེ། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་ཚན་རྩལ་གྱིས་ནུས་པ་སྩོལ་བ་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་སྟེ། ཕན་ནུས་མཐོ་བའི་སྒོ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅོས་སྐྱོང་བྱ་རྒྱུར་སྲུང་སྐྱོང་བྱ་དགོས་པ་ནན་གྱིས་བསྟན།

ཝུའུ་ཞའོ་ཅུན་སྔ་རྗེས་སུ་མཁར་ནུབ་ཁུལ་གྱི་གཡོ་སླུ་ལ་ངོ་རྒོལ་བྱེད་པའི་ལྟེ་གནས་སུ་ཡོང་བ་དང་། མཁར་དཀྱིལ་ཁུལ་གྱི་མི་དམངས་ཁྲོམ་གཞུང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དང་། བྱང་ལམ་ཁྲོམ་གཞུང་མངགས་གཏོང་ཁང་། དེ་མིན་མཁར་ཤར་ཁུལ་གྱི་མེ་འཁོར་འབབ་ཚུགས་ཀྱི་ཁྲོམ་གཞུང་དམངས་ཕྱུག་ལམ་གྱི་སྡེ་ཁུལ་དང་། དབྱང་ཅ་ཀྲོང་དབྱི་སི་ལན་ཆོས་ཁང་དུ་སོང་ནས། ཟི་ལིང་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་ཁྱབ་ཁོངས་སོ་སོའི་ལག་ལེན་འཚོལ་ཞིབ་ཐད་རྒྱུས་ལོན་ཟབ་མོ་བྱས། ཁོས་ནན་གྱིས་བསྟན་དོན། ཏང་གི་བྱ་བའི་སྟོབས་ཤུགས་བརྟན་ཤོས་གཞི་རིམ་དུ་འདེགས་སྐྱོར་བྱེད་ཀྱིན་ཡོད་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོའི་འགལ་བ་དང་འབུར་ཐོན་གནད་དོན་ཡང་གཞི་རིམ་དུ་ཡོད་པས། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་གཞི་རིམ་བཅོས་སྐྱོང་གི་འགོ་རྩོམ་ས་དང་རྐང་འཛུགས་སར་བརྩི་བ་དང་། ཏང་གི་རྩ་འཛུགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། བཅོས་སྐྱོང་གི་ལྟེ་གནས་གཞི་རིམ་དུ་སྤོ་བར་སྐུལ་འདེད་གཏོང་བ། ཐོན་ཁུངས་དང་ཞབས་ཞུ། དོ་དམ་བཅས་གཞི་རིམ་དུ་སྤོ་བ་བཅས་བྱས་ཏེ། གྲོང་ཁྱེར་བཅོས་སྐྱོང་ཞིབ་ཕྲ་ཅན་དང་རིག་ནུས་ཅན་གྱི་ཆུ་ཚད་མུ་མཐུད་དུ་མཐོ་རུ་གཏོང་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་རང་སྐྱོང་དང་ཁྲིམས་སྐྱོང་། སྤྱོད་བཟང་གིས་སྐྱོང་བ་བཅས་ཟུང་འབྲེལ་བྱེད་པའི་མཁར་གྲོང་གི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། དངོས་གནས་འགལ་བ་གཞི་རིམ་དུ་ཐག་གཅོད་བྱེད་པ་དང་འགལ་བ་བྱུང་མ་ཐག་ནས་སེལ་ཐབས་བྱ་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཆོས་ལུགས་ལས་རིགས་དང་དད་ལྡན་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱེད་པར་ཁྲིད་སྟོན་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་བརྟན་ལྷིང་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། གཞི་རིམ་གྱི་ཉེན་རྟོག་ལས་དོན་སྒྲིག་གཞིའི་བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། ཉེན་རྟོག་ལས་དོན་གྱི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། གཞི་རིམ་གྱི་འཐབ་ནུས་ཆེ་རུ་བཏང་སྟེ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་དུས་ཐོག་དང་ནུས་ལྡན་ངང་སྔོན་འགོག་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། གཞི་རིམ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་སྦྲེལ་ཡོད་པས། ཏང་གི་སྲིད་སྐྱོང་རྨང་གཞི་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན། མིག་སྔར། སྤྱི་ཚོགས་ཀྱི་གྲུབ་ཚུལ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་། བཅོས་སྐྱོང་གི་རྣམ་པ་སྔར་ལས་རྙོག་འཛིང་ཆེ་བ། མང་ཚོགས་ཀྱི་རེ་ཞུ་སྔར་ལས་སྣ་མང་ཅན་དུ་གྱུར་པ། ཉེན་ཁ་སྔོན་འགོག་དང་བཀག་སྡོམ་གྱི་གནོན་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་འགྱུར་བཞིན་ཡོད་པས། ངེས་པར་དུ་ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་སྲིད་དབང་བདེ་འཇགས་སྲུང་སྐྱོང་བྱེད་པའི་མཐོ་ཚད་ནས། གཞི་རིམ་གྱི་འགྱུར་ལྡོག་གསར་པ་དང་འཕེལ་ཕྱོགས་གསར་པ་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་། གཞི་རིམ་བཅོས་སྐྱོང་གི་ཉམས་མྱོང་གསར་པ་ཕྱོགས་བསྡོམས་བྱས་ཏེ། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས། དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ངེས་གནས་གཏིང་ཟབ་པར་ཁོང་དུ་ཆུད་པ་བྱས་ཏེ། གཞི་རིམ་བཅོས་སྐྱོང་དེང་རབས་ཅན་གྱི་རྨང་གཞིའི་རང་བཞིན་གྱི་བྱ་བར་དམ་འཛིན་ཏན་ཏིག་དང་དམ་འཛིན་ཡག་པོ་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་བགྲོད་ལམ་དུ་བསྐྱོད་པ་དང་། རྒྱུད་རིམ་ལྡན་པའི་བཅོས་སྐྱོང་དང་ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཉམ་སྐྲུན་མཉམ་སྐྱོང་དང་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་ཀྱི་དཔལ་འབར་བའི་སྐྱེ་སྟོབས་ལ་གོ་རིམ་ལྡན་པར་འགན་ལེན་ཏན་ཏིག་བྱ་དགོས། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས། ཁྲིམས་སྐྱོང་གི་བསམ་གཞིགས་རྒྱུན་འཁྱོངས་དང་ཁྲིམས་ལྟར་ལས་དོན་ནན་མོ་སྒྲུབ་པ། རྡུང་རྡེག་དང་སྔོན་འགོག་མཉམ་འཛིན་དང་རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་བྱས་ཏེ། གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་ལ་འགྲེལ་བཤད་ཟབ་མོ་བྱེད་པ་དང་མང་ཚོགས་ཀྱི་དོགས་ཟོན་འདུ་ཤེས་གཏིང་ཟབ་ཏུ་བཏང་ནས་ནག་ངན་སྟོབས་ཤུགས་སྐྱེ་འཕེལ་གྱི་ཁོར་ཡུག་མཐའ་གཅིག་ཏུ་མེད་པར་བཟོ་དགོས། འགལ་བ་དང་རྩོད་གཞི་གྲལ་བཤེར་བྱས་ཏེ་མེད་པར་དུ་གཏོ་བ་དང་། གཞི་རིམ་སྲིད་ཁྲིམས་ལས་ཁུངས་འཛུགས་སྐྱོང་དང་ཆ་འཕྲིན་ཅན་འཛུགས་སྐྱོང་སོགས་ཀྱི་རྨང་གཞིའི་བྱ་བ་དམ་འཛིན་ཡག་པོ་བྱས་ཏེ། སྲིད་ཁྲིམས་བྱ་བའི་རྨང་གཞི་སྔར་ལས་བརྟན་པ་དང་རྩ་བ་སྔར་ལས་ཇེ་བརྟན་དུ་གཏོང་དགོས། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་ཏན་ཏིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་། མི་ཚང་མར་འགན་འཁྲི་ཡོད་པ་དང་མི་ཚང་མས་འགན་འཁྲི་འཁུར་བ། མི་ཚང་མས་ལོངས་སུ་སྤྱོད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་པ་དང་། ཕན་ནུས་ཆེ་བའི་བཅོས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་འགུལ་བཟང་པོ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་ཆེད་རྨང་གཞི་སྔར་ལས་བརྟན་པོ་འདིང་དགོས།

ཝང་ཝེ་ཏུང་དང་ཀྲུང་ཞང་ཧྥུན། ཧི་ལུའུ་ཁྲུན་བཅས་རྟོག་ཞིབ་ལ་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།