ཟླ8པའི་ཚེས20ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་འགོ་རྩོམ་མདུན་བགྲོད་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་མུ་འབྲེལ་བརྗོད་དོན་གྱི་སྒྲོག་སྤེལ་ཚོགས་འདུའི་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཚོགས་ཐོག་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་མོ་འཛུགས་སྐྲུན་གྱི་བྱ་བར་ཞབས་འདེགས་དང་དེའི་ཁྲོད་འདྲེས་པར་བྱེད་ཆེད་ལམ་ལུགས་བཅོས་སྒྱུར་ལ་བརྟེན་ནས་འགག་གནད་སེལ་ཞིང་། སྒྲིག་བཀོད་མཉམ་འབྲེལ་ལ་བརྟེན་ནས་ཐབས་ལམ་རྒྱ་བསྐྱེད་ཅིང་། སྐྱེ་ཁམས་རིན་ཐང་ལ་བརྟེན་ནས་སྒུལ་ནུས་སྐུལ་སློང་བྱས་ཏེ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་མོ་འཛུགས་སྐྲུན་ཐད་མུ་མཐུད་དུ་མཚོ་སྔོན་གྱི་སྟོབས་ཤུགས་བསྣན།
མཚོ་སྔོན་ཞིང་ཆེན་གྱིས་ཤེས་བྱའི་ཐོན་དབང་གི་ཆེད་དོན་སྲུང་སྐྱོབ་འགུལ་སྐྱོད་ལག་བསྟར་བྱས་ཏེ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཚོད་ལྟའི་ཚོང་ར་བཅོས་སྒྱུར་བཏང་ཆོག་པར་བྱས་ཤིང་། འདྲ་མཉམ་འགྲན་རྩོད་མཉམ་སྒུལ་བཅས་ཀྱི་ཞིབ་བཤེར་རྐྱེན་སྲོལ་གསར་གཏོད་བྱས་ནས་ཡིད་རྟོན་སླར་གསོའི་དྲ་ལམ་ཡོངས་ཀྱི་དུས་མཉམ་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་། མཚོ་སྔོན་གྱི་ཡིད་རྟོན་མ་དངུལ་བསྡུ་རུབ་ཅེས་པའི་ཡིད་རྟོན་སྟེགས་བུ་རིམ་སྤོར་བྱས་ཏེ། མཐོ་སྒང་དཔེ་བཟང་གི་ཚོང་རྟགས་གསོ་སྐྱོང་འགུལ་སྐྱོད་དོན་འཁྱོལ་དང་། མ་རྩ་དང་ཚན་རྩལ། གཞི་གྲངས་བཅས་ཀྱི་བདག་རྐྱེན་སླར་གསོ་ལ་སྐུལ་འདེད་གཏོང་དགོས། ཁེ་ལས་དང་འབྲེལ་བའི་གྲངས་འཛིན་ཅན་གྱི་ལྟ་སྐུལ་དོ་དམ་རྣམ་པ་གསར་གཏོད་བྱས་ཏེ། འོད་བརྟེན་ཆ་སྡེབ་དེ་རྒྱལ་ཡོངས་ཀྱི་ཐོན་རྫས་གཙོ་བོའི་ལྟ་སྐུལ་དོ་དམ་གྱི་དཀར་ཆག་ཁྲོད་འཇོག་པ། འོས་སྐུལ་འོས་འགུག་བྱ་བ་ཞིང་ཆེན་བརྒལ་ནས་ཕན་ཚུན་ཁས་ལེན་གྱི་རྒྱུ་ལམ་ཡངས་བོར་ཕྱེས། ཁེ་ལས་དང་འབྲེལ་བའི་མ་དངུལ་བསྡུ་བ་ཚད་ལྡན་དུ་གཏོང་བ་བཅས་ཀྱིས་འདྲ་མཉམ་གཅིག་གྱུར་གྱི་ཚོང་རའི་ཁོར་ཡུག་ཅིག་བསྐྲུན་དགོས།
ཟི་ལིང་དང་ན་གོར་མོའི་དངོས་ཟོག་འཁོར་རྒྱུག་གི་སྦྲེལ་ཟམ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། གནམ་གྲུ་ཐང་གི་དུས་རིམ་གསུམ་པ་དང་། དམངས་ཕན་ཟམ་པ500འཛུགས་གྲུབ་བྱས་ནས། རྫོང་དང་ཞང་། སྡེ་བ་བཅས་རིམ་པ་གསུམ་གྱི་དངོས་ཟོག་འཁོར་རྒྱུགས་མ་ལག་འཐུས་ཚང་དུ་གཏོང་དགོས། མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་ཐད་ཀྱི་ཐོན་ལསམཉམ་ལས་གཏིང་ཟབ་ཏུ་བཏང་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་ལ་གཞི་བཅོལ་ནས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་གསོ་སྐྱོང་བྱེད་དགོས། རྒྱལ་སྤྱིའི་ཟོང་སྐྱེལ་རེས་འཁོར་ཚགས་དམ་དུ་བཏང་སྟེ། མཚོ་སྔོན་དང་ཞང་ཀང་གི་ཐད་འཕུར་ལམ་ཐིག་གཏན་འཇགས་སུ་གཏོང་བ་དང་། ཕྱི་ཕྱོགས་ཉོ་ཚོང་གི་གཞི་རྒྱ་བརྟན་པོའི་ངང་འཕར་བར་བྱས་ནས། མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་རྒྱལ་ཡོངས་སུ་ཁྱབ་པ་དང་། ཕྱི་རྒྱལ་དུ་ཁྱབ་པར་སྐུལ་འདེད་གཏོང་དགོས།
སྐྱེ་ཁམས་ཐོན་རྫས་ཟུར་མང་རིན་ཐང་མངོན་འགྱུར་གྱི་མ་ལག་བཙུགས་ཏེ། ཁྱད་ལྡན་ཞིང་ཕྱུགས་ལས་དང་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་གསོ་སྐྱོང་བྱེད་པ། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་བཅས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ཀྱི་ས་ཁོངས་གཙོ་བོའི་ཁྲོད་བདམས་ཐོན་བྱུང་ནས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་བཟང་ཕྱོགས་སུ་འཕེལ་བཞིན་ཡོད། ལྗང་གློག་ལྗང་རྩིས་མཉམ་འདྲེས་འཕེལ་རྒྱས་ལས་དོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཤིང་། ལྗང་མདོག་རྩིས་ནུས་ཀྱི་ས་གནས་ཚད་གཞི་ཁག་ལྔ་སྔོན་ལ་བཏོན་ཞིང་། རྒྱལ་ཡོངས་ཀྱི་ཐོན་སྐྱེད་ཅན་གྱི་བྱང་བུ་ཁྲིའི་ལྗང་རྩིས་སྡེ་ཚོགས་འཛུགས་གྲུབ་དང་། རྒྱལ་ཁབ་ཀྱི་བརྒལ་རྩིས་ཡན་ལག་ལྟེ་གནས་དོན་འཁྱོལ་ཡོང་བར་བྱས་ཏེ། རྒྱལ་ཡོངས་ཀྱི་གཅིག་གྱུར་གློག་ཤུགས་ཚོང་ར་འཛུགས་སྐྲུན་དང་ནུས་ཁུངས་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་བྱེད་ཆེད་མཚོ་སྔོན་གྱི་ཇུས་གཞི་འདོན་སྤྲོད་བྱས།
མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་སྲོལ་ཡིག་གཅིག་དང་གསལ་ཐོ་གསུམ། ལམ་ལུགས་གསུམ་གྱི་བཅོས་བསྒྱུར་བཀོད་སྒྲིག་ཚད་གཞིར་བཟུང་སྟེ། ལམ་ལུགས་གསར་གཏོད་གཞི་རྩ་རུ་འཛིན་པ་དང་སྲིད་གཞུང་གི་བྱ་སྤྱོད་གཅིག་གྱུར་ཚད་ཤིང་བྱེད་པ། བདག་རྐྱེན་འཁོར་སྐྱོད་གནད་འགག་ཏུ་འཛིན་པ། ཐོན་ལས་མཐུན་སྦྱོར་སྲོག་ཤིང་དུ་བྱེད་པ། སྐྱེ་ཁམས་ཀྱི་རིན་ཐང་ཚུལ་སྒྱུར་ཁྱད་ཆོས་སུ་བཟུང་བར་བརྟེན། བདག་རྐྱེན་འཁོར་སྐྱོད་དང་ཚོང་རའི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་སོགས་ཕྱོགས་ཀྱི་འབུར་ཐོན་གནད་དོན་གནད་འཁེལ་སྒོས་སེལ་ནས། ལག་ལེན་ཆུང་བ་ནས་འཁོར་སྐྱོད་ཆེན་པོའི་ཕྱོགས་སུ་བསྒྱུར་བར་བརྩོན་ལེན་བྱེད་བཞིན་ཡོད། དུས་མཉམ་དུ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་བསམ་ཕྱོགས་གསར་བ་ཧུར་ཐག་གིས་ཇུས་འགོད་བྱས་ཏེ། གནད་དོན་ཐག་གཅོད་པ་ནས་མ་ལག་འཐུས་ཚང་དུ་གཏོང་བའི་བར་གྱི་གཏིང་ཟབ་ཚུལ་སྒྱུར་ལ་སྐུལ་འདེད་བཏང་ནས། མཚོ་སྔོན་ཞིང་ཆེན་གྱི་གཅིག་གྱུར་ལྔའི་སྲིད་ཇུས་མ་ལག་དེ་འགག་གནད་རྩ་གཏོར་ནས་སྒོ་འབྱེད་འཕེལ་རྒྱས་ཀྱི་གནད་འགག་གོམ་འགྲོས་ཟིན་པར་རོགས་ཤུགས་འདོན་དགོས།