ཟླ8པའི་ཚེས20ཉིན། 2026ལོའི“ཁྱོན་ཡོངས་ནས་ལྗང་མདོག་རིགས་སྒྱུར་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་མཉམ་སྐྲུན་བྱེད” ཅེས་པའི་སྨྱན་སྦྱོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སྐྱོད་པའི་བྱ་འགུལ་དངོས་སུ་སྤེལ་མགོ་ཚུགས་པ་རེད། ཀྲུང་དབྱང་དང་ཞིང་ཆེན་གྱི་གཙོ་རྒྱུག་སྨྱན་སྦྱོར་གྱི་གསར་འགོད་པས་གྲུབ་པའི་བཅར་འདྲི་ཚོགས་པ་བྲག་དཀར་དང་འབའ་རྫོང་གཉིས་སུ་བསྐྱོད་དེ། “རི་བོ་གཉིས”ཀྱི་ལག་ལེན་གསར་གཏོད་རྟེན་གཞི་མགོ་རྩོམ་སར་བཟུང་ཞིང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ། མཐོ་སྒང་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་མཐུན་སྦྱོར་སྐུལ་འདེད་གཏོང་བའི་གསར་གཏོད་ཐབས་ལམ་རྩད་འཚོལ་བྱས་ནས། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོར་བཤད་རྒྱུ་རེད།
2026ལོའི“དྲུག་ལྔའི”ཁོར་ཡུག་ཉིན་མོའི་རྒྱལ་ཡོངས་ཀྱི་བརྗོད་དོན་གཙོ་བོ་ནི“ཁྱོན་ཡོངས་ནས་ལྗང་མདོག་རིགས་སྒྱུར་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་མཉམ་སྐྲུན་བྱེད” ཅེས་པ་དེ་རེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གཙང་གསུམ་མགོ་ཁུངས་དང་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་ཡོལ་གྱི་ལྟེ་བའི་གནས་བབ་ལ་གཞི་བཙུགས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་གཏིང་ཟབ་ཏུ་བསྟར་ནས་རིམ་བཞིན་སྐྱེ་ཁམས་དཔལ་ཡོན་གྱི་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པར་སྐུལ་འདེད་བཏང་ཡོད། མིག་སྔར། འབའ་རྫོང་དང་བྲག་དཀར་རྫོང་གིས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གསར་གཏོད་རྟེན་གཞི་རྒྱལ་ཁའི་ངང་བཙུགས་ནས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་མ་དཔེ་ཞིག་ཏུ་གྱུར་ཡོད།
བྱ་འགུལ་གྱི་བཀོད་སྒྲིག་ལྟར། ཉིན་དང་པོར་བཅར་འདྲི་ཚོགས་པ་བྲག་དཀར་རྫོང་དུ་བསྐྱོད་དེ་སྔ་གཞུག་ཏུ་རྨ་ཆུའི་གཞུང་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོང་ཡུལ་དངོས་དང་། བྲག་དཀར་རྫོང་གི་ཏ་ཐང་འོད་ཤུགས་རྣམ་གྲངས། བྲག་དཀར་རྫོང་བོད་སྨན་སོན་རྒྱུའི་གཏེར་མཛོད་ཁང་དང་དེ་བཞིན་སྨན་སྤྱོད་རྩི་ཤིང་ར་བ་བཅས་སུ་བཅར་འདྲི་བྱ་འཆར་ཡོད། ཕྱི་ཉིན་འབའ་རྫོང་འབའ་མདོ་གྲོང་ཚོའི་རྫོང་རུ་རིག་གནས་གནའ་ཤུལ་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་འབའ་ཆུ་རྒྱུག་ཁུལ་གྱི་འབའ་རྫོང་མཚམས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་ཆུའི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་རྣམ་གྲངས་ཀྱི་མིས་བཟོས་བརླན་སར་བསྐྱོད་དེ། རྫོང་གཉིས་ཀྱི་རྨ་ཆུའི་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་། ནུས་ཁུངས་གཙང་མ་གསར་སྤེལ། ཀྲུང་ལུགས་དང་བོད་སྨན་ཐོན་ཁུངས་སྲུང་སྐྱོང་། ལོ་རྒྱུས་རིག་གནས་རྒྱུན་འཛིན་སོགས་ཁྱབ་ཁོངས་ཀྱི་ལག་ལེན་གསར་ཤོས་ཉམས་མྱོང་བྱ་རྩིས་ཡོད།
“བྲག་དཀར་རྫོང་གིས་རྨ་ཆུའི་མགོ་ཁུངས་སྲུང་སྐྱོང་དང‘རི་བོ་གཉིས’ཀྱི་འདུ་ཤེས་རྣམ་སྒྱུར་ལྟེ་བར་བཟུང་སྟེ། མཐོ་གྲང་སྐྱེ་ཁམས་ཉམས་ཞན་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་ཡོད་པ་དང་། འབའ་རྫོང་གིས་མ་ལག་བཅོས་སྐྱོང་དང་སྐྱེ་ཁམས་ཐོན་ལས་ཅན་ཁྱད་ཆོས་སུ་བྱས་ཏེ། ‘སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་དར་སྤེལ’གྱི་རྫོང་ཁོངས་འཕེལ་རྒྱས་ཀྱི་ལམ་བུ་བཏོད་ཡོད། ”རྫོང་གཉིས་པོས་མཚོ་ལྷོ་ཁུལ་གྱི “ཁྱོན་ཡོངས་ནས་ལྗང་མདོག་རིགས་སྒྱུར་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་མཉམ་སྐྲུན་བྱེད”ཅེས་པའི་གསོན་ཉམས་ལྡན་པའི་རྒྱུགས་ལན་སྤྲད་དེ། མཚོ་བོད་མཐོ་སྒང་དང་ཐ་ན་རྒྱལ་ཡོངས་ཀྱི་རིགས་མཐུན་ས་ཁུལ་ལ་འདྲ་བཟོ་དང་ཁྱབ་གདལ་གཏོང་འོས་པའི“རི་བོ་གཉིས”ཀྱི་ལག་ལེན་མ་དཔེ་མཁོ་འདོན་བྱས་ཡོད་ཅེས་བྱ་འགུལ་གཙོ་གཉེར་ཕྱོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད།
དེ་རྗེས་ཀྱི་འགྲུལ་བཞུད་ནང་བཅར་འདྲི་ཚོགས་པས་སྨྱུ་གུ་དང་བརྙན་མིག་ལ་བརྟེན་ནས་བྲག་དཀར་རྫོང་དང་འབའ་རྫོང་གཉིས་ཀྱིས“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་དང་ལྗང་མདོག་རིགས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་གསོན་ཉམས་ལྡན་པའི་གཏམ་རྒྱུད་ཟིན་ཐོར་བཀོད་དེ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཀྱི་མཚོ་ལྷོ་ཁུལ་གྱི་འགན་འཁྲི་དང་བྱས་རྗེས་མངོན་པར་བྱ་རྒྱུ་རེད། །