བྲག་དཀར་རྫོང་བོད་སྨན་ཁང་གིས་མཐོ་སྒང་སོན་རྒྱུ་སྲུང་སྐྱོང་བྱས་ནས་བོད་ཀྱི་གསོ་རིག་རིག་གནས་རྒྱུན་འཛིན་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། གསར་འགོད་པ། ཀླུ་མོ།

ཟླ8པའི་ཚེས20ཉིན་གྱི་ཕྱི་དྲོར། 2026ལོའི“ཁྱོན་ཡོངས་ནས་ལྗང་མདོག་རིགས་སྒྱུར་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་མཉམ་སྐྲུན་བྱེད”ཅེས་པའི་སྨྱན་སྦྱོར་མཚོ་ལྷོ་བོད་རང་སྐྱོང་ཁུལ་དུ་སྐྱོད་པའི་བཅར་འདྲི་ཚོགས་པ་བྲག་དཀར་རྫོང་བོད་སྨན་ཁང་དུ་ཡོང་སྟེ། སོན་རྒྱུའི་གཏེར་མཛོད་ཁང་འཛུགས་སྐྲུན་གྱི་གྲུབ་འབྲས་དང་དེའི་སྐྱེ་ཁམས་སྲུང་སྐྱོང་ཐད་ཐོན་པའི་ནུས་པ་སོགས་ལ་རྒྱུས་ལོན་ཟབ་མོ་བྱས།  མཐོ་སྒང་གི་བོད་སྨན་ཐོན་ཁུངས་སྲུང་སྐྱོང་དང་། བོད་སྨན་རིག་གནས་རྒྱུན་འཛིན། རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བཅས་བྱ་ཆེད། བྲག་དཀར་རྫོང་བོད་སྨན་ཁང་གིས་རང་ཡུལ་གྱི་ས་མཐོའི་ལེགས་ཆར་བརྟེན་ནས་བོད་སྨན་སོན་རྒྱུའི་གཏེར་མཛོད་ཁང་བསྐྲུན་རྒྱུར་སྐུལ་འདེད་བཏང་། 

གནམ་གཤིས་འགྱུར་ལྡོག་དང་སྔོག་འདོན་ཐལ་དྲགས་པའི་རྐྱེན་གྱིས་བོད་སྨན་གྱི་རིགས་ཁ་ཤས་ཚར་ཉེན་དུ་སླེབས་ཡོད།  སྨན་ཁང་གིས་དཔུང་སྡེ་སྒྲིག་འཛུགས་བྱས་ནས་ཕྱི་རོལ་དུ་ཡོངས་ཁྱབ་ཞིབ་བཤེར་བྱས་ཏེ་ས་གནས་དེ་གའི་བོད་སྨན་ཐོན་ཁུངས་ཀྱི་གཞི་གྲངས་གསལ་པོ་ཤེས་རྟོགས་བྱུང་ཡོད། ཚད་ལྡན་ཅན་གྱི་སོན་རྒྱུའི་གཏེར་མཛོད་ཁང་བསྐྲུན་ནས་དྲོད་ཚད་དམའ་བའི་ཆ་འཕྲིན་ཅན་གྱི་བོད་སྨན་སོན་རིགས200ལྷག་དང་སོན་རྡོག་ཁྲི་བརྒྱ་ཕྲག་ཁ་ཤས་ཉར་ཚགས་བྱས་ཏེ། རྫོང་ཁོངས་ཀྱི་བོད་སྨན་སོན་རྒྱུའི་མ་ལག་སྲུང་སྐྱོང་གི་སྟོང་ཆ་བསྐངས་ཡོད། 

སྨན་ཁང་གིས་དུས་མཉམ་དུ་བོད་སྨན་མི་ཐབས་ལ་བརྟེན་ནས་འདུལ་གསོ་དང་། སོན་བཟང་གསོ་སྤེལ། སྐྱེ་ཁམས་གསོ་སྐྱོང་བཅས་ཀྱི་ལས་དོན་སྤེལ་ཏེ། རི་སྐྱེས་སྨན་རྒྱུ་སྔོག་འདོན་གྱི་གནོན་ཤུགས་ཇེ་ཆུང་དུ་བཏང་ནས་མཐོ་སྒང་གི་སྐྱེ་ཁམས་སླར་གསོ་བྱས་པ།  བོད་སྨན་གྱི་སྨན་སྦྱོར་བཟོ་རྩལ་ཇེ་ལེགས་སུ་གཏོང་བ་དང་། སྨན་ཁང་ནང་ཁུལ་གྱི་སྨན་རྫས་ལས་སྣོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་བོད་སྨན་གྱི་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་བཏང་ཡོད། 

རྗེས་མར། བྲག་དཀར་རྫོང་བོད་སྨན་ཁང་གིས་གཏེར་མཛོད་ཁང་གི་དོ་དམ་སྲུང་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་དང་སོན་བཟང་གསོ་སྤེལ་བྱེད་རྒྱ་ཆེ་རུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་དང་། རིག་གནས་རྒྱུན་འཛིན། དམངས་ཕན་ཐོན་ལས་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མཐོ་སྒང་གི་བོད་ཀྱི་གསོ་རིག་དང་རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལ་གཞོགས་འདེགས་བྱེད་དགོས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།