ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་ནོར་སྲིད་ཐིང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་བཅས་ཀྱིས་མཉམ་འབྲེལ་སྒོས། 《ལས་ཤོར་ཉེན་སེལ་གྱིས་ཁེ་ལས་ཀྱི་ལས་གནས་བརྟན་གཏོང་དང་ལས་གནས་རྒྱ་སྐྱེད་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་ནས། 2026ལོར་མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས་ལ་ཕན་པ་དང་དམངས་ཕན་གྱི་སྲིད་ཇུས་ཁག་གསུམ་ལག་བསྟར་བྱ་རྒྱུ་དང་། སྲིད་ཇུས་ལག་བསྟར་བྱེད་ཡུན2026ལོའི་ལོ་མཇུག་བར་ཡིན།
ལས་གནས་བརྟན་གཏོང་གི་ཕྱིར་སྤྲོད་སྲིད་ཇུས་མུ་མཐུད་ལག་བསྟར་བྱས། ལོ་སྔོན་མར་ལས་མི་ཉུང་འཕྲི་བྱས་མེད་པའམ་ཡང་ན་ལས་མི་ཉུང་འཕྲི་བྱེད་ཚད5.5%ལས་མི་མཐོ་བ་དང་། མི30མན་གྱི་ཉེན་སེལ་ནང་ཞུགས་མཁན་ཁེ་ལས་ཀྱི་ལས་མི་ཉུང་འཕྲི་བྱེད་ཚད་ཉེན་སེལ་ནང་ཞུགས་མཁན་ལས་བཟོ་པའི་བསྡོམས་འབོར་གྱི20%ལས་མི་མཐོ་བ་ཡིན་ན། ཁེ་ལས་ཆེ་གྲས་ཀྱིས་ཁེ་ལས་དང་དེའི་ལས་བཟོ་བ་ལོ་འཁོར་གོང་མར་དངོས་སུ་སྤྲད་པའི་ལས་ཤོར་ཉེན་སེལ་གྲོན་དངུལ་གྱི30%ལྟར་ཕྱིར་སློག་རྒྱུ་དང་། ཁེ་ལས་འབྲིང་ཆུང་ཐ་གསུམ་བཅས་ལ་གྲོན་དངུལ་གྱི60% ཕྱིར་སློག་རྒྱུ། སྤྱི་ཚོགས་རྩ་འཛུགས་དང་ཁྲིམས་རྩོད་པའི་ལས་གཉེར་ཁང་། རྩིས་གཉེར་བའི་ལས་གཉེར་ཁང་བཅས་དང་དེ་བཞིན། ལས་ཁུངས་ཀྱི་རྣམ་པའི་ཐོག་ནས་ཉེན་སེལ་ནང་ཞུགས་པའི་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གིས་ཁེ་ལས་འབྲིང་ཆུང་དང་ཆུང་གྲས་ལ་གཞིགས་ནས་ལག་བསྟར་བྱེད་དགོས། “རེ་ཞུ་མི་དགོས་པར་ལོངས་སྤྱོད་བྱེད་པའི”སྒྲུབ་གཉེར་བྱེད་སྟངས་ཇེ་ལེགས་སུ་བཏང་ནས། རང་འགུལ་ངང་བླངས་པ་ཁས་ལེན་དང་སྲིད་ཇུས་ཀྱི་ཆ་འཕྲིན་ཚུར་ལེན་བྱེད་དགོས།
ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་སྐྱེད་ཁ་གསབ་རོགས་དངུལ་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་དགོས། སློབ་ཐོན་ལོ་འཁོར་དང་དེ་བཞིན་སློབ་གྲྭ་ནས་ཁ་བྲལ་ནས་ལོ་གཉིས་ནང་ལས་ཞུགས་ཐུབ་མེད་པའི་མཐོ་རིམ་མཐར་ཕྱིན་སློབ་མ་དང་། ལོ16ནས24བར་གྱི་ཐོ་འགོད་ལས་ཤོར་གཞོན་ནུ་བསྡུ་སྤྱོད་བྱས་ཏེ། ངལ་རྩོལ་གན་རྒྱ་བཞག་ནས་ཟླ་བ་གསུམ་ཡན་ལོན་པའི་ལས་ཤོར་དང་། ལས་རྨས་དང་ལས་བཟོ་བའི་རྒན་གསོའི་ཉེན་སེལ་གྲོན་དངུལ་འདང་ངེས་འཇལ་དགོས་པའི་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་ལ་མི་རེ་བསྡུ་སྤྱོད་བྱས་ཚེ། ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་སྐྱེད་ཁ་གསབ་རོགས་དངུལ་སྒོར1500སྤྲོད་རྒྱུ་རེད། སྲིད་ཇུས་ལག་བསྟར་བྱེད་པའི་དུས་ཡུན་ནང་ཐེངས་གཅིག་རང་བཞིན་གྱི་ལས་ཞུགས་ཁ་གསབ་བསྡུ་ལེན་ཡང་བསྐྱར་ལོངས་སྤྱོད་མི་བྱེད།
རྩལ་ནུས་མཐོ་རུ་གཏོང་བའི་ཁ་གསབ་སྲིད་ཇུས་ལེགས་སྒྱུར་བྱེད་དགོས། རྩལ་ནུས་མཐོ་རུ་གཏོང་བའི་ཁ་གསབ་སྲིད་ཇུས་ཀྱི་ཉེན་སེལ་ནང་ཞུགས་པའི་ལོ་ཚད་མུ་མཐུད་ཇེ་ཡངས་སུ་གཏོང་བ་དང་འབྲེལ་ཏེ། ཕན་པ་ཐོབ་པའི་ཁྱབ་ཁོངས་ཀྱང་ཆེ་རུ་གཏོང་བ་དང་། རང་རེའི་ཞིང་ཆེན་གྱི་འཕྲལ་དུ་མཁོ་ཞིང་དཀོན་པའི་ལས་རིགས་ཀྱི་དཀར་ཆག་ནང་བཅུག་པ་དང་། ལས་རིགས་འབྲིང་གྲས་དང་གནས་ཡུལ་ཁེ་ལས་དང་ལས་རིགས་ཀྱི་རིགས་གཅིག་མཚུངས་ཡིན་པ། གྲངས་འཛིན་དང་ལྗང་མདོག་ལས་རིགས་ཀྱི་རིམ་པའི་ལག་ཁྱེར་གྱི་གྲས་བཅས་ཐོབ་མཁན་ལ་དམའ་རིམ་ལ་སྒོར1000དང་། འབྲིང་རིམ་ལ་སྒོར1500། མཐོ་རིམ་ལ་སྒོར2000བཅས་ཀྱི་ཚད་གཞི་ལྟར་རྩལ་ནུས་མཐོ་རུ་གཏོང་བའི་ཁ་གསབ་རེ་ཞུ་བྱས་ཏེ། མི་རེར་ལོ་རེར་ཁ་གསབ་ཐེངས་རེ་ལོངས་སུ་སྤྱོད་ཆོག འཕྲལ་དུ་མཁོ་ཞིང་དཀོན་པའི་ལས་རིགས་ཀྱི་ལག་ཁྱེར་མང་པོ་ཐོབ་པའི་རྨང་གཞིའི་སྟེང་དུ། མི་རེར་ལོ་རེར་ཁ་གསབ་ཐེངས་གྲངས་ཐེངས2ཇེ་མང་དུ་བཏང་ནས་ཁྱོན་བསྡོམས་ཐེངས3ལས་བརྒལ་མི་རུང་།