ཆུ་འབྲུབ་དུས་ཀྱི་འབྲུབ་འགོག་བདེ་འཇགས་བྱ་བ་ལེགས་པོར་བསྒྲུབ་པ་དང་། དུས་ཐུང་དྲག་ཆར་འབབ་པ་དང་གཤོང་སར་ཆུ་འཁྱིལ་བ་སོགས་ཀྱི་ཉེན་ཁ་ལེགས་པར་སེལ་བ། ཚོང་རའི་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་འགོག་སྲུང་འཛིང་རགས་ཇེ་བརྟན་དུ་གཏོང་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཚོང་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་རང་འགུལ་ངང་དང་དུ་བླངས་ཤིང་གཞི་རིམ་དུ་སོང་སྟེ། ཁེར་གཉེར་པའི་སྒོ་ཁར་སོང་ནས་འབྲུབ་འགོག་རྐྱེན་ངན་གྲལ་བཤེར་དང་། ཞིང་ལས་ཉོ་ཚོང་ཁྲོམ་རའི་འབྲུབ་འགོག་འཕྲལ་བསྟུན་ནང་སྦྱོང་དང་སྔོན་བཀོད་འབྲུབ་འགོག་བཀོད་སྒྲིག་བྱ་བ་ཁྱོན་ཡོངས་ནས་སྤེལ། མངའ་ཁུལ་གྱི་ཚོང་བདག་གི་ཚོང་གཉེར་བདེ་འཇགས་དང་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྟོབས་ཤུགས་ཡོད་རྒུས་འགན་སྲུང་བྱས།
སྒོ་ཁར་སོང་ནས་འབྲུབ་འགོག་རྐྱེན་ངན་གྲལ་བཤེར་བྱེད་པ་དེ་ཞིང་ལས་ཉོ་ཚོང་ཁྲོམ་ར་དང་ཁེར་གཉེར་པ་ཡོངས་ལ་ཁྱབ་པར་བྱས། ལས་སྒྲུབ་མི་སྣ་མངའ་ཁུལ་གྱི་ཞིང་ལས་ཉོ་ཚོང་ཁྲོམ་ར་དང་ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་སོགས་ཁེར་གཉེར་པའི་སྒོ་ཁར་སོང་ནས་འབྲུབ་འགོག་བདེ་འཇགས་ཞིབ་བཤེར་བྱས། གཙོ་བོ་ཚོང་གཉེར་ཁོར་ཡུག་གི་གཤོང་ས་དང་ཁང་ཀླད་ནས་ཆུ་ཐིགས་པ། གྱང་ངོས་སུ་ཆུ་སིམ་པ། གློག་ལམ་རྙིང་པར་གྱུར་པ། བསྒར་ཁུང་ཕྱིར་མངོན་པ། སྒྲིག་ཆས་ལ་བརླན་བརྒྱབ་པས་གློག་ཤོར་བ་སོགས་ཀྱི་རྐྱེན་ངན་ལ་གྲལ་བཤེར་བྱས་པ་དང་། ཚོང་བདག་གིས་ཚོང་ཟོག་བཤམས་ཚུལ་ལ་ཞིབ་ཏུ་བལྟས་ནས། ཡུལ་དངོས་སུ་ཚོང་བདག་ལ་འབྲས་ཕྱེ་དང་ཞོར་ཟས། ཐུམ་བརྒྱབ་པའི་ཚོང་ཟོག་བཅས་མཐོ་སར་བཞག་ནས་ས་ངོས་དང་འབྲལ་བར་བྱེད་དགོས་པར་སྐུལ་འདེད་བྱས། དུས་མཚུངས་སུ་ཚོང་གཉེར་པས་ཆུ་རྒྱས་པའི་དུས་སྐབས་ཀྱི་བདེ་འཇགས་འགན་འཁྲི་ནན་ཏན་གྱིས་དོན་འཁྱོལ་བྱེད་དགོས་པར་གསལ་འདེབས་བྱས། དུས་ཐོག་ཏུ་སྒོ་ཁའི་དངོས་ཟོག་ཡར་འཇོག་མར་འཇོག་བྱེད་པ་དང་། ཆུ་ལམ་བཤང་བ། ཆར་འབབ་དུས་དུས་ཐོག་ཏུ་གློག་སྒོ་བརྒྱབ་ནས་ཉེན་ཁར་གཡོལ་བ་དང་། ཆུ་འཁྱིལ་ནས་སྦང་བ་དང་ཐང་ལ་འགྱེལ་བ། གློག་ཤོར་ནས་མེ་འབར་བ་སོགས་ཀྱི་བདེ་འཇགས་དོན་རྐྱེན་གཏན་འགོག་བྱེད་པ་དང་། གྲལ་བཤེར་ལས་རྙེད་པའི་གནད་དོན་ལ་ཡུལ་དངོས་སུ་མཛུབ་སྟོན་དང་བཅོས་བསྒྱུར་བྱས་ཏེ། རྐྱེན་ངན་སྔོན་ལ་རྙེད་པ་དང་སྔོན་ལ་གསལ་འདེབས་བྱེད་པ། སྔོན་ལ་གཙང་སེལ་བྱེད་པ་བཅས་བྱས།
ཞིང་ལས་ཉོ་ཚོང་ཁྲོམ་རའི་འབྲུབ་འགོག་འཕྲལ་བསྟུན་ནང་སྦྱོང་དངོས་འཐབ་རྣམ་པས་སྤེལ། མངའ་ཁུལ་གྱི་ཆུ་འབྲུབ་དུས་ཀྱི་ཉེན་ཁའི་ཁྱད་ཆོས་ལ་གཞིགས་ཏེ། ལས་བྱེད་ལས་བཟོ་པ་ཡོངས་དང་། ཁེ་ལས་ཆུང་ཕྲན་དང་བཟོ་ཚོང་ཁེར་གཉེར་པ། ཆེད་ལས་ཚོང་རའི་ཏང་ཡོན། ཚོང་རའི་ཚོང་བདག་ཡོངས་བཅས་རྩ་འཛུགས་བྱས་ཏེ། རྫོང་ཞིང་ལས་ཉོ་ཚོང་ཁྲོམ་རར་འབྲུབ་འགོག་འཕྲལ་བསྟུན་དངོས་འཐབ་ནང་སྦྱོང་སྤེལ། དུས་ཐུང་དྲག་ཆར་གྱིས་ཁྲོམ་རའི་གཤོང་སར་ཆུ་འཁྱིལ་བ་དང་ཆུ་ལམ་འགག་པ། ཚོང་ཟོག་བངས་པ། མི་སྒོར་འགྲོ་མ་ཐུབ་པ་སོགས་ཀྱི་ཉེན་ཁའི་གནས་ཚུལ་ལད་མོ་བྱས་པ་དང་། འཆར་གཞིའི་གོ་རིམ་ནན་ཏན་གྱིས་གཞིར་བཟུང་སྟེ། ཉེན་ཁའི་གནས་ཚུལ་སྙན་ཞུ་བྱེད་པ་དང་བཀའ་རྒྱ་འབེབས་པ། མི་ཚོགས་ཁ་ཐོར་དུ་གཏོང་བ། རྐྱེན་ངན་གྲལ་བཤེར། དངོས་ཟོག་གནས་སྤོར་བ། ཆུ་བཤང་བ། གནས་སྐབས་ཀྱི་མི་འདུག་ས་བཀོད་སྒྲིག་བྱེད་པ། ཉེན་ཁ་ལས་ཐར་བ། ཡུལ་དངོས་སྤྱི་སྡོམ་སོགས་གོ་རིམ་ཡོངས་ཀྱི་འཕྲལ་བསྟུན་བཀོད་སྒྲིག་སྤེལ།
སྔོན་ལ་འགོག་སྲུང་བཙུགས་ནས་ཞིང་ལས་ཉོ་ཚོང་ཁྲོམ་རའི་འབྲུབ་འགོག་སྲུང་ཡོལ་བརྟན་པོ་བསྐྲུན། ཞིང་ལས་ཉོ་ཚོང་ཁྲོམ་རར་མི་འབོར་མང་བ་དང་། ཚོང་ཁང་བསྟར་ཡོད་པ། ཆུ་འཁྱིལ་སླ་བ་བཅས་ཀྱི་གནས་ཚུལ་དངོས་ལ་དམིགས་ཏེ། ལས་སྒྲུབ་མི་སྣས་རང་འགུལ་ངང་འབྲུབ་འགོག་བྱེ་ཁུག་བསྐྱལ་ནས་ཞིང་ལས་ཉོ་ཚོང་ཁྲོམ་རའི་མདུན་སྒོ་དང་རྒྱབ་སྒོའི་འགྲོ་འོང་བྱེད་སའི་གཙོ་གནད་གནས་སུ་གྲལ་འགྲིག་པོར་སྤུངས་པ་དང་བརྟན་པོ་བཟོས་ཏེ་ཆུ་འགོག་པའི་འགོག་སྲུང་འཛིང་རགས་སྔ་སྣུར་དུ་བཙུགས་ནས་ཁྲོམ་རའི་ནང་ཁུལ་དུ་ཆར་ཆུ་བསགས་རྒྱུ་བཀག་འགོག་ནུས་ལྡན་བྱས་ཏེ་ཁྲོམ་རའི་ནང་ཁུལ་དུ་གཞི་ཁྱོན་ཆེན་པོས་ཆུ་བསགས་པ་དང་ཚོང་ཟོག་སྦངས་པའི་ཉེན་ཁ་ཆུང་དུ་གཏོང་བ་དང་ཞིང་ལས་ཉོ་ཚོང་ཁྲོམ་རའི་འཕྲལ་བསྟུན་འབྲུབ་འགོག་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་ཡོད་པ་རེད། དེ་དང་ཆབས་ཅིག་ཆུ་འབྲུབ་དུས་ཀྱི་སྐོར་ཞིབ་ལས་རེས་ལམ་ལུགས་མུ་མཐུད་དོན་འཁྱོལ་བྱས་ནས་ཞིང་ལས་ཉོ་ཚོང་ཁྲོམ་ར་དང་ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་ལ་རྒྱུན་རྣམ་ཅན་གྱི་སྐོར་ཞིབ་བྱས་ཏེ། ཆར་ཆུའི་འབབ་ཚད་ལ་དམ་པོར་བརྟགས་ནས་ཆར་ཆུ་འབབ་དུས་ལྷོད་གཡེང་མི་བྱེད་པ་དང་། སྐོར་ཞིབ་བྱེད་པ་རྒྱུན་མི་ཆད་པ། སྔོན་འགོག་ཚོད་འཛིན་ཤུགས་མི་ལྷོད་པ་བཅས་བྱས།
དགའ་བདེ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་འབྲུབ་འགོག་བདེ་འཇགས་མུ་མཐུད་དུ་དམ་པོར་བཟུང་སྟེ། ཁེར་གཉེར་པའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་དང་། ཁྲོམ་རའི་འབྲུབ་འགོག་ནང་སྦྱོང་། སྔོན་བཀོད་འབྲུབ་འགོག་བཀོད་སྒྲིག་བཅས་ཀྱི་ལས་དོན་རྒྱུན་རྣམ་ཅན་དུ་སྤེལ་ཏེ། རྒྱུན་རྣམ་ཅན་གྱི་སྐོར་ཞིབ་དང་། སྔོན་བཀོད་ཅན་གྱི་སྔོན་འགོག་ཚོད་འཛིན། དངོས་འཐབ་ཅན་གྱི་ནང་སྦྱོང་། གནད་འཁེལ་ཅན་གྱི་དག་ཐེར་བཅས་ཀྱི་ཐོག་ནས་ཆུ་འབྲུབ་དུས་ཀྱི་ཁྲོམ་རའི་བདེ་འཇགས་ཀྱི་ཚད་མཐའ་ནུས་ཤུགས་ཡོད་རྒུས་བསྲུངས་ཏེ། མངའ་ཁུལ་གྱི་ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་བརྟན་པོ་དང་བདེ་འཇགས་ཡོང་བར་ཁག་ཐེག་བྱས། །