ཟླ7པའི་ཚེས29ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གི་ས་འགུལ་ཉིན་གཉིས་པར། གནོད་ཐེབས་རྗེས་ཀྱི་སླར་གསོའི་བྱ་བ་དག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། དངོས་པོའི་བགོ་བཤའ་དུས་ལྟར་ཡིན་པ་དང་། གློག་ཤུགས་འདོན་སྤྲོད་གཏན་ཆགས་ཡིན་ལ། མི་སྣ་གནས་སྤོ་བདེ་འགོད་ཚགས་སུ་ཆུད་དེ། འགན་སྲུང་བྱེད་ཐབས་གལ་ཆེན་ལ་དུས་མཉམ་དུ་སྐུལ་འདེད་གཏོང་བཞིན་ཡོད།
ས་འགུལ་བྱུང་རྗེས། མཚོ་ལྷོ་ཁུལ་གྱིས་གནོད་ཐེབས་མང་ཚོགས་བདེ་འགོད་དང་ཉེན་སྐྱོབ་དངོས་མཁོ་ལ་དམིགས་ནས། ཁུལ་ས་འགུལ་གནོད་སྐྱོབ་བཀོད་འདོམས་པུའུ་ཡིས་གནད་ཁེལ་སྤྱི་འདོམས་དང་། ཕྱོད་མཐོའི་དངོས་པོ་བགོ་བཤའ་བྱས་ཤིང་། མྱུར་དུ་ཞིན་ཧེ་རྫོང་གི་ས་འགུལ་ཁུལ་དུ་རིགས་ཆེན་པོ་བཅུ་ཡི་གནོད་སྐྱོབ་དངོས་རྫས5686བསྐྱལ་བ་དང་། དེ་རུ་རས་གུར་དང་། ཉལ་ཐུལ། འཐུང་ཆུ། བཟའ་ཆས། འཕྲལ་བསྟུན་གློག་སོགས་ཁ་ཚ་དགོས་གཏུག་གི་རིགས་འདུ་ཞིང་། དངོས་རྫས་ཡུལ་དངོས་དང་པོར་ཐད་སྐྱེལ་དང་། གནད་ཁེལ་སྟེར་སྐྱེལ་བྱས་པ་དང་། མི་སྣ་ཉེན་གཡོལ་གནས་སྤོ་དང་། མང་ཚོགས་གནས་སྐབས་བདེ་འགོད། ཡུལ་དངོས་ཉེན་སྐྱོབ་བྱེད་པར་དངོས་པོའི་རམ་འདེགས་བྱས། མིག་སྔར། ཞིན་ཧེ་རྫོང་གི་དངོས་རྫས་དགོས་མཁོ་སྣ་མང་འདང་ཡོད་ལ། ཁྲོམ་རའི་རིན་གོང་གཏན་ཆགས་ཡིན། རྫོང་ཡོངས་སུ་སྲིད་གཞུང་གི་དངོས་རྫས་མཁོ་སྤྲོད་འབྲུ་རིགས་གསོག་འཇོག་གནས་གསུམ་ཡོད་ལ། གསོག་འཇོག་འཕྲལ་བསྟུན་ཕྱེ་ཏུན210ཡོད་པ་དང་། མྱུར་སྐྱེལ་བྱས་པའི་སྟབས་བདེའི་ཐུག་པ་སྒམ4000དང་། གཏེར་ཆུ་སྒམ3000 ། བསྡུ་གོར་སྒམ2000 ། བག་ལེབ་དང་ཤ་རྒྱུ་སྒམ1000ཡོད་ཅིང་། རས་གུར1010སྐྱེལ་བགོ་བྱས་ཡོད།
གློག་ཤུགས་འགན་སྲུང་གི་ཕྱོགས་སུ། རྒྱལ་དྲ་མཚོ་ལྷོ་གློག་འདོན་ཀུང་ཟིས་ཁྱོན་ཡོངས་ནས་སྐུད་ལམ་བརྟག་བཤེར་བྱས། མིག་སྔར་ཞིན་ཧེ་རྫོང་ཁོངས་སུ་གློག་དྲ་འཁོར་སྐྱོད་རྒྱུན་ལྡན་ཡིན་ལ། གཅིག་བསྡུས་བདེ་འགོད་ས་གནས་སུ་གློག་འཐེན་པ་གཙོ་གནད་དུ་བཟུང་ནས་སྤེལ་བཞིན་ཡོད། ཀུང་ཟིས་འགན་སྲུང་མི་སྣ358རྩ་འཛུགས་མངགས་གཏོང་བྱས་ཡོད་ཅིང་། བདེ་འགོད་ས་གནས18ཀྱི་གློག་འདྲེན་འགན་ཁུར་ཡོངས་འགྲུབ་བྱས་ཡོད། མི་སྣ་ཚང་མ་ཡུལ་དངོས་དང་པོར་བསྐྱོད་ཅིང་། ལས་གནས་བརྟན་སྲུང་བྱས་ཡོད་པར་མ་ཟད། རས་གུར་ཕུབ་པའི་ཚད་དང་བསྟུན་ནས་རས་གུར་གཅིག་ཕུབ་ན་གློག་དེ་རུ་འཐེན་ཏེ། བདེ་འགོད་མང་ཚོགས་ཀྱིས་གློག་བཀོལ་ཐད་འགན་སྲུང་བྱས་ཡོད།
ཚེས29ཉིན་གྱི་ས་སྲོད་བར། རྫོང་ཡོངས་སུ་གནོད་ཐེབས་མི་སྣ37033ཡོད་པ་དང་། དེ་དག་མྱུར་སྐྱོབ་ཉེན་གཡོལ་བྱེད་དུ་བཅུག་ཅིང་། བདེ་འགོད་ཉེན་གཡོལ་ས་གནས1189བཙུགས། རིམ་པ་རྗེས་མར། མཚོ་ལྷོ་ཁུལ་གྱིས་ས་འགུལ་དང་ཆར་འབབ་གཉིས་བརྩེགས་ཀྱི་ཉེན་ཁ་འབྱུང་བར་དྲ་རྒྱ་འཐེན་པ་ལྟར་གྲལ་བཤེར་ལེགས་བཅོས་བྱས་ཤིང་། ས་འགུལ་གྱིས་ཁང་བ་གནོད་པ་དང་། རི་བོ་འགུལ་བ། རི་དང་བྲག་འགྲམ་གྱི་ལམ། ཆུ་བེད་སྒྲིག་ཆས། སྐྲུན་བཞིན་པའི་བཟོ་སྐྲུན། ས་གཤིས་གནོད་འཚེ་བཅས་ཀྱི་རྐྱེན་ངེན་དག་ཁྱོན་ཡོངས་ནས་ཡང་སྐོར་བསྐྱར་སྐོར་གྱིས་བརྟག་བཤེར་བྱས་པ་དང་། གཟབ་ནན་གྱིས་ས་འགུལ་སླར་བྱུང་གནོད་འཚེ་དང་ཆུ་ལོག་གནོད་འཚེ་གཉིས་བརྩེགས་འབྱུང་བར་འགོག་སྲུང་བྱས། དུས་མཉམ་དུ། རྒྱུན་ཆད་མེད་པར་གནོད་སྐྱོབ་དངོས་རྫས་བགོ་བཤའ་ལེགས་པོར་བྱས་ཏེ། ཚད་ལྡན་ངང་ཉེན་གཡོལ་ཁོར་ཡུག་བཀོད་སྒྲིག་བྱས་ཤིང་། ལྷག་བསམ་རྣམ་དག་གིས་གནོད་ཐེབས་མང་ཚོགས་ལ་རོགས་སྐྱོར་བྱས་ཏེ། གཟབ་ནན་གྱིས་བྲུབ་འགོག་ལས་རེས་དང་། ཉེན་བརྡ་སྔོན་གཏོང་། མི་སྣ་གཞན་སྤོ། འཕྲལ་བསྟུན་ལས་སྒྲུབ་སོགས་ཀྱི་ལམ་ལུགས་ལག་བསྟར་བྱས་ནས། སྟོབས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱས།