ཟླ6པའི་ཚེས6ཉིན་བར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་སྡེ་བ་རིམ་པའི་སྐོར་ཞིབ་ཀྱི་བསྐྱར་ཞིབ་བྱ་བས་སྲིད་འཛིན་སྡེ་བ་ཉེར་གསུམ་ལ་སྐོར་ཞིབ་བྱས་ནས། གནད་དོན268མཐོང་བ་དང་། མང་ཚོགས་ཀྱི་འཚོ་བའི་གློག་བཀོལ་བའི་དཀའ་ཁག་དང་ཐོན་ལས་ཀྱི་ཁེ་སྤོགས་དུས་ལྟར་མ་བྱིན་པ། རྩྭ་སའི་ཁ་གསབ་མ་དངུལ་སྤྲད་པ་གནད་འཁེལ་མིན་པ་སོགས་ཀྱི་དམངས་འཚོའི་དངོས་དོན་བཅུ་བཞི་ཐག་གཅོད་པར་སྐུལ་འདེད་བཏང་སྟེ། ལྟ་སྐུལ་དངོས་འབྲས་ཀྱིས་མང་ཚོགས་ཀྱི་རེ་འདུན་བསྐངས།
སྐོར་ཞིབ་བྱ་བས་འབྲོག་ཁུལ་གྱི་གནས་ཚུལ་ལ་གཞིགས་པ་རྒྱུན་འཁྱོངས་དང་། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་པར་ནུས་ཤུགས་ཡོད་རྒུས་བཏོན། སྐོར་ཞིབ་ཚན་ཆུང་སོ་སོས་བརྒྱུད་རིམ་ལེགས་སྒྱུར་དང་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་བཏང་ནས། ཚོགས་འདུ་ཇེ་ཉུང་དུ་གཏོང་བ་དང་རེའུ་མིག་ཇེ་ཉུང་དུ་གཏོང་བ། རྒྱུ་ཆ་མང་པོ་མི་དགོས་པ། བཅར་འདྲིར་མང་དུ་བསྐྱོད་པ་བཅས་ཀྱི་བྱ་བའི་བྱེད་ཐབས་ལག་བསྟར་བྱས་ཏེ། འབྲོག་ཁྱིམ་སྟོང་གཅིག་དང་ཉིས་བརྒྱ་སོ་བདུན་དང་འབྲོག་པ་མང་ཚོགས་སྟོང་གསུམ་དང་བཞི་བརྒྱ་དགུ་ལ་བཅར་འདྲི་བྱས་ཤིང་། གཅིག་གཏད་གཅིག་གིས་དམངས་ཀྱི་གནས་ཚུལ་དང་འདོད་བློར་རྒྱུས་ལོན་བྱས་ནས། སྐོར་ཞིབ་བྱ་བ་གཞི་རིམ་གྱི་ཕྱོགས་ཡོངས་ལ་ཁེབས་པར་ཁག་ཐེག་བྱས།
ལྟ་སྐུལ་གྱི་གཙོ་གནད་ཐད། ཐེངས་འདིའི་བསྐྱར་ཞིབ་བྱ་བ་དེ་གཙོ་བོ་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་སོགས་གནད་འགག་གི་ཉུང་ཤས་ལ་དམིགས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅོས་སྐྱོང་དང་སྡེ་བ་ཐུན་མོང་གི་མ་དངུལ་དོ་དམ་སོགས་མང་ཚོགས་ཀྱིས་ཚུར་སྣང་དྲག་པོ་བྱེད་པ་དང་། སྲིད་གཙང་ཉེན་ཁ་མང་པོ་འབྱུང་བ་དང་འབྱུང་སླ་བའི་ཁུལ་ཁོངས་ལ་གཞིགས་ནས། ཞིབ་ཚགས་ཀྱིས་གྲལ་བཤེར་བྱས་པ་དང་དུས་བསྟུན་ཐག་གཅོད་བྱས། སྐོར་ཞིབ་བྱེད་སྐབས་སུ་གནད་འཁེལ་ཇུས་འདོན་དང་བབ་བསྟུན་ཐག་གཅོད་རྒྱུན་འཁྱོངས་བྱས་པ་དང་། མང་ཚོགས་ཀྱི་དངོས་ཡོད་ཁེ་ཕན་དང་འབྲེལ་བའི་གནད་དོན་དེ་དག་སྐོར་ཞིབ་བརྒྱུད་རིམ་ཁྲོད་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱས།
རྒྱུས་ལོན་པ་ལྟར་ན། ལེགས་བཅོས་ཐད་དངོས་འབྲས་ལེན་པར་ཁག་ཐེག་བྱ་ཆེད། མགོ་ལོག་ཁུལ་གྱིས་གསལ་ཁྲ་ཅན་གྱི་དོ་དམ་དང་རྩིས་མེད་དུ་གཏོང་བའི་ལེགས་བཅོས་བྱེད་ཐབས་ལག་བསྟར་བྱས་པ་དང་། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་བསྐྱར་ཞིབ་རྐྱེན་སྲོལ་བཙུགས། དར་ལག་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། རྫོང་ཏང་ཨུའི་རྩ་འཛུགས་པུའུ། རྫོང་ཏང་ཨུའི་སྐོར་ཞིབ་གཞུང་སྒྲུབ་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་ལྟ་སྐུལ་ཆེད་ཚན་རྩ་འཛུགས་བྱས་ཏེ། ཕྱོགས་མང་མཉམ་ཤུགས་གཅིག་བསྡུས་ཀྱིས་ལེགས་བཅོས་ལ་སྐུལ་འདེད་བཏང་བ་དང་། པད་མ་རྫོང་གིས་ལེགས་བཅོས་ལས་འགན་དུས་བཅད་རེའུ་མིག་གཏན་འབེབས་བྱས་ནས། དུས་རིམ་རང་བཞིན་གྱི་ལེགས་བཅོས་བྱ་བ་ཞིབ་ཕྲར་བཟོས་ལ། དུས་བཅད་ལྟར་དོན་འཁྱོལ་སྐུལ་འདེད་གཏོང་བར་དམིགས་པ་དང་། པད་མ་རྫོང་གིས་སྐོར་ཞིབ་ལེགས་བཅོས་དང་གྲོང་གསེབ་དར་སྤེལ། གཞི་རིམ་བཅོས་སྐྱོང་སོགས་བྱ་བ་གཙོ་བོ་མཉམ་འདྲེས་ཟབ་མོ་བྱས་ཏེ། སྡེ་བ་རིམ་པའི་དོ་དམ་ལམ་ལུགས་ཀྱི་མི་འདང་ས་ཁ་གསབ་བྱེད་པར་སྐུལ་འདེད་གཏོང་བ་དང། གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་བསྟུད་མར་མཐོར་འདེགས་གཏོང་རྒྱུ་རེད།
ཀྲུང་གུང་མགོ་ལོག་ཁུལ་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས་བསྟན་དོན། ཐེངས་འདིའི་སྐོར་ཞིབ་ཀྱི་བསྐྱར་ཞིབ་བྱ་བ་གོ་སྐབས་སུ་བརྩིས་ནས། སྡེ་བ་སོ་སོས་ཏང་དོན་སྡེ་དོན་ནོར་དོན་བཅས་ཡོངས་བསྒྲགས་དང་། སྡེ་བ་ཐུན་མོང་གི་མ་དངུལ་དོ་དམ་སོགས་ཀྱི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་འཛུགས་པར་སྐུལ་འདེད་གཏོང་བ་དང་། དུས་ཐོག་ཏུ་ཡོ་བསྲང་དང་ཡུན་རིང་འཛུགས་པ་ཟུང་འབྲེལ་བྱས་ཏེ། དངོས་འཛིན་དངོས་སྒྲུབ་ཀྱིས་ལེགས་བཅོས་ཕན་འབྲས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པར་བྱེད་པ་དང་། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་ཆེ་རུ་གཏོང་རྒྱུ་ཡིན།