བཅའ་ཁྲིམས་ཤེས་མཁན་ནི་ཁྲིམས་སྐྱོང་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་མཇུག་མཐའི་སྤྱི་ལེ་གཅིག་གི་གནད་དོན་ཐག་གཅོད་བྱེད་པའི་སྟོབས་ཤུགས་གཙོ་བོ་ཡིན། ཟླ6པའི་ཚེས5ཉིན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲིམས་འཛིན་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་ནས་བཟུང་། མཚོ་ལྷོ་ཁུལ་གྱིས་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེ་བྱ་བ་གོ་སྐབས་སུ་བྱས་ནས། རྫོང་སོ་སོའི་ཁྲིམས་འཛིན་ཅུས་ཀྱིས་བཅའ་ཁྲིམས་ཤེས་མཁན་གྱི་དཔུང་སྡེའི་འགུལ་རྣམ་ལེགས་སྒྲིག་དང་ལེགས་འདེམས་ཁ་གསབ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། ཟླ6པའི་ཚེས5ཉིན་བར་དུ། བཅའ་ཁྲིམས་ཤེས་མཁན་ཆིག་སྟོང་དྲུག་བརྒྱ་གྱ་ལྔའི་ཐོ་འགོད་བྱ་བ་ཡོངས་འགྲུབ་བྱས་ཏེ་ཁུལ་ཡོངས་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་སྤུས་འདེགས་ཕན་སྐྱེད་ཐད་ཁྲིམས་སྐྱོང་གི་སྒུལ་ནུས་འདོན་སྤྲོད་བྱས།
ཐེངས་འདིའི་དཔུང་སྡེ་ལེགས་སྒྲིག་འཐུས་ཚང་དུ་གཏོང་བའི་བྱ་བས་ལེགས་པོ་གདམ་གསེས་དང་གནད་འཁེལ་བཀོད་སྒྲིག རིགས་དགར་གསོ་སྐྱོང་། ས་ཁོངས་ཡོངས་ལ་ཁེབས་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་གདམ་གསེས་ཀྱི་ཚད་གཞི་ཇེ་ཞིབ་ཏུ་གཏོང་བ་དང་གདམ་གསེས་ཀྱི་བརྒྱུད་རིམ་ཚད་ལྡན་དུ་བཏང་ནས་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དང་ཏང་ཡོན་རྐང་འཛིན་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ། ཆོས་ལུགས་ལས་རིགས་ཁག་གི་མི་སྣ། མི་དམངས་འདུམ་འགྲིག་པ། ཕུལ་བྱུང་མང་ཚོགས་སོགས་ཚོགས་སྤྱིའི་ཁྲོད་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་ཡིན་པ། སྤྱི་ཕན་ལས་དོན་ལ་དགའ་བ། གཞི་རིམ་གྱི་གནས་ཚུལ་ལ་རྒྱུས་ལོན་ཡོད་པ་བཅས་ཀྱི་ཕུལ་བྱུང་འཇོན་མི་གཙོར་བཟུང་ནས་གདམ་གསེས་བྱས་པ་དང་། ཆབ་སྲིད་ཀྱི་འགག་སྒོ་དང་ཀུན་སྤྱོད་ཀྱི་འགག་སྒོ། ནུས་པའི་འགག་སྒོ། སྤྱོད་ཚུལ་འགག་སྒོ་བཅས་དམ་སྲུང་བྱས་ནས་ཚད་གཞིར་མི་ལོན་པའི་མི་སྣ་ལེགས་སྒྲིག་དང་སྤུས་ལེགས་མི་ཤུགས་ཐོན་ཁུངས་བསྡུ་ལེན་བྱས་པ་དང་། རྒྱུན་ཆད་མེད་པར་དཔུང་སྡེའི་སྒྲིག་གཞི་ལེགས་སྒྲིག་དང་དཔུང་སྡེའི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ་ནུས་ཤུགས་ཆེན་པོས་གཞི་རིམ་དུ་རྐང་ཚུགས་པ་དང་དམངས་ཀྱི་གནས་ཚུལ་ཤེས་པ། ཁྲིམས་ལུགས་ལ་བྱང་ཆ་ཡོད་པ། མང་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པའི་རང་ས་གནས་ཀྱི་ཁྲིམས་སྐྱོང་དཔུང་སྡེ་ཞིག་བསྐྲུན།
མིག་སྔར། མཚོ་ལྷོ་ཁུལ་གྱི་བཅའ་ཁྲིམས་ཤེས་མཁན་གྱི་དཔུང་སྡེའི་བཀོད་སྒྲིག་སྣ་མང་ཡིན་པ་དང་ཞབས་ཞུ་གནད་འཁེལ་ཡིན་ལ། ས་ཁོངས་ཁྱད་ཆོས་འབུར་ཐོན་ཡིན། དེའི་ཁྲོད་བུད་མེད་བཅའ་ཁྲིམས་ཤེས་མཁན་བཞི་བརྒྱ་རེ་གཉིས་ཡོད་པ་དང་། དེ་དག་གིས་བུད་མེད་ཀྱི་ངང་རྒྱུད་རིང་ཞིང་ཞིབ་ཚགས་ཡིན་པ་དང་། ཁྱིམ་ཚང་དང་ཐག་ཉེ་བའི་དགེ་མཚན་ལ་བརྟེན་ནས་གཉེན་སྒྲིག་ཁྱིམ་ཚང་དང་ཁྱིམ་མཚེས་བར་གྱི་འགལ་བ། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོབ་སོགས་ཁྱབ་ཁོངས་སུ་ཁྲིམས་སྐྱོང་ཞབས་ཞུ་འདོན་སྤྲོད་བྱེད་དགོས། ཆོས་ལུགས་ཀྱི་བཅའ་ཁྲིམས་ཤེས་མཁན་བརྒྱ་དང་བཞི་བཅུ་ཡོད་པ་དང་། དེ་དག་གིས་མཚོ་ལྷོ་ཁུལ་གྱི་མི་རིགས་ཆོས་ལུགས་བྱ་བའི་དངོས་ཡོད་གནས་ཚུལ་ལ་རྐང་བཙུགས་ཏེ་ཆོས་ལུགས་ལས་རིགས་སུ་ཟབ་ཞུགས་བྱས་ནས་བཅའ་ཁྲིམས་དྲིལ་སྒྲོག་དང་། འགལ་བ་སེལ་བའི་བྱ་བ་བསྒྲུབ་བ། ཁྲིམས་སྐྱོང་འདུ་ཤེས་འབྲོག་ཁུལ་དང་མི་དམངས་ཀྱི་སེམས་སུ་སིམ་པར་སྐུལ་འདེད་བཏང་ནས་མཚོ་ལྷོའི་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་གཞི་རིམ་ཁྲིམས་སྐྱོང་བྱ་བའི་རྣམ་པ་བསྐྲུན་དགོས། གྲོང་གསེབ་ཀྱི་བཅའ་ཁྲིམས་ཤེས་མཁན་གྱི་གསོ་སྐྱོང་བྱ་བར་ཚད་ལྡན་སྒོས་སྐུལ་འདེད་གཏོང་ཆེད། མཚོ་ལྷོ་ཁུལ་གྱི་རྫོང་སོ་སོའི་ཁྲིམས་འཛིན་ཅུས་ཀྱིས་ཡུལ་དངོས་ནས་གཅིག་བསྡུས་འཛིན་གྲྭ་སྒྲུབ་པ་དང་དྲ་ཐོག་ནས་རྒྱུན་རྣམ་ཞིབ་འཇུག་སློབ་སྦྱོང་བྱེད་པའི་རྣམ་པ་སྤྱད་དེ་ལས་མི་ཡོངས་ཀྱི་གསོ་སྦྱོང་བྱ་བ་སྤེལ་འགོ་བརྩམས་ནས་བཅའ་ཁྲིམས་ཤེས་མཁན་གྱི་གསོ་སྦྱོང་ཕྱོགས་ཡོངས་ལ་ཁེབས་པར་བྱས།