རང་ཞིང་གིས་ནར་མ་སོན་པའི་མིའི་ནག་ཉེས་སྔོན་འགོག་བྱ་བར་གྲུབ་འབྲས་མངོན་གསལ་བླངས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ལམ།    མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་བརྗོད་དོན་གཙོ་བོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ2025ལོའི་མཚོ་སྔོན་གྱི་ནར་མ་སོན་པའི་མིའི་ཞིབ་དཔྱོད་བྱ་བའི་རྒྱབ་ཤ་དཀར་པོའི་དཔེ་དེབ་དང་དཔེ་མཚོན་གྱོད་གཞི་ཁྱབ་བསྒྲགས་བྱས།

2025ལོར་རང་ཞིང་གི་ནར་མ་སོན་པའི་མིའི་ནག་ཉེས་གྱོད་གཞི་རྩད་ཞིབ་ཐག་གཅོད་དང་ཞུ་གཏུག་བྱས་ཚད་མངོན་གསལ་སྒོས་ཇེ་ཉུང་དུ་སོང་སྟེ་ནར་མ་སོན་པའི་མིའི་ནག་ཉེས་སྔོན་འགོག་བྱ་བར་གྲུབ་འབྲས་ངེས་ཅན་ཐོབ།   ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལས་འགན་གཙོ་བོར་དམིགས་ནས་ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བ་བཟང་བོར་བསྒྲུབས།    ཆེད་དམིགས་སློབ་གསོར་བརྟེན་ནས་ནར་མ་སོན་པའི་མིའི་ནག་ཉེས་སྔོན་འགོག་དང་བཅོས་སྐྱོང་ལ་ཤུགས་སྣོན་དང་། ཆེད་དོན་རྟོག་ཞིབ་བྱ་བ་སྤེལ་ཏེ་ཞིང་ཆེན་ཡོངས་ཀྱི་ནར་མ་སོན་པའི་མིས་ཁྲིམས་འགལ་ནག་ཉེས་བཟོ་བ་སྔོན་འགོག་དང་ཆེད་དམིགས་སློབ་གསོ་སྤེལ་བར་ཇུས་གཞི་འདོན་སྤྲོད་བྱས།  སྤུས་ཚད་མཐོ་བའི་ཁྲིམས་འཛིན་འགན་འཁྲི་རྒྱུན་འཁྱོངས་དང་།  བུད་མེད་དང་བྱིས་པའི་ཁེ་དབང་ཐད་ཀྱི་གྱོད་གཞི་ཐོ་འགོད་ལྟ་སྐུལ་ཀྱི་ཆེད་དོན་འགུལ་སྐྱོད་ལ་སྐུལ་འདེད་ནན་མོ་བཏང་ལ།   ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱེལ་བའི་ནག་ཉེས་ལ་རྡུང་རྡེག་ནན་མོ་བཏང་བར་མ་ཟད།   ནར་མ་སོན་པའི་མིར་བཙན་གཡེམ་བྱས་པའི་གྱོད་གཞི་ཚང་མར་སྔོན་ལ་ཐེ་ཞུགས་དང་བརྟག་དཔྱད་བདེན་དཔང་ལེན་པར་ཁྲིད་སྟོན་བྱས་ནས་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཏང་བའི་ཉེས་དོན་གྱོད་གཞི་ཆེན་པོ་བཞི་སྐུལ་སྒྲུབ་བྱས།  

དེ་དང་མཉམ་དུ།   སྡེ་ཁག་མཉམ་འགུལ་ལ་ཤུགས་བསྣན་ནས་སྡེ་ཁག་དགུ་མཉམ་འབྲེལ་སྒོས་བྱེད་ཐབས་སྣ་མང་སྤྱད་དེ་ལམ་ལུགས་དྲིལ་སྒྲོག་བྱས། ཞིབ་དཔྱོད་ཀྱི་ཕྱོགས་བསྡུས་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ་ཞིང་ཆེན་རིམ་པའི་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་ས་ཚིགས་བཙུགས་པ་དང་ཆེད་དམིགས་ལག་བསྟར་བྱེད་ཐབས་ཕྱིར་བཏོན་ནས་ནར་མ་སོན་པའི་མི་ཡོད་པའི་ཁྱིམ་ཚང་གི་མཛུབ་སྟོན་བྱ་བ་ཚད་ལྡན་དུ་བཏང་།   རྒྱུན་རྣམ་ཅན་གྱི་སྒོ་ནས་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་སློབ་གསོ་སྤེལ་བ་དང་།   ལོ་ཧྲིལ་བོར་ཁྲིམས་སྐྱོང་སློབ་རར་སྐྱོད་པའི་བྱེད་སྒོ་ཐེངས་དགུ་བརྒྱ་དང་དྲུག་སྤེལ་ནས་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དང་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭར་བཅའ་ཁྲིམས་ཁྱབ་གདལ་གྱི་བརྙན་རིས་ཐུང་ངུ་ཐེངས་ཉེར་གཅིག་ཁྱབ་བསྒྲགས་བྱས་ཏེ་ནར་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྲུང་སྐྱོབ་ལེགས་པོ་བྱས།

ཐེངས་འདིར་ཁྱབ་བསྒྲགས་བྱས་པའི་དཔེ་མཚོན་གྱོད་གཞི་དག་ནར་མ་སོན་པའི་མིས་ནག་ཉེས་བཟོ་བ་སྔོན་འགོག་དང་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན།   སྲིད་འཛིན་སྤྱི་ཕན་གཏུག་བཤེར་སོགས་ཕྱོགས་མང་པོར་ཁེབས་ཡོད་པ་དང་། གྱོད་གཞི་དེ་དག་གིས་ནར་མ་སོན་མིར་ཕན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་མཚོ་སྔོན་གྱི་ནར་མ་སོན་པའི་མིའི་ཞིབ་དཔྱོད་བྱ་བས་ཞིབ་དཔྱོད་ཆེན་པོ་བཞིའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ཁྱིམ་ཚང་དང་སློབ་གྲྭ།  སྤྱི་ཚོགས།  དྲ་རྒྱ།   སྲིད་གཞུང་།   ཁྲིམས་འཛིན་བཅས་ཕྱོགས་དྲུག་གཞི་གཅིག་གི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བའི་ཁྲོད་འདྲེས་པར་བྱས་པའི་ལག་ལེན་གྲུབ་འབྲས་གང་ལེགས་སྒོས་མངོན་པར་བྱས་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།