ད་ལོའི་ཚུན་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་གཞི་རིམ་ལས་བྱེད་པའི་བསླབ་གནས་མཐོར་འདེགས་དང་ནུས་པ་ཆེར་སྐྱེད་ཀྱི་ཆེད་དམིགས་གསོ་སྦྱོང་གནད་འཁེལ་གྱིས་སྤེལ་བ་དང་། མིག་སྔར། ཁུལ་ཡོངས་ཀྱི་སྡེ་བའི་ལས་བྱེད་པ་དང་སྡེ་བ་རིམ་པའི་རྗེས་གྲབས་ལས་བྱེད་པ་བརྒྱ་དང་སོ་གཉིས་ཀྱིས་དངོས་གཞི་དང་ཆེད་སྦྱོང་འཛིན་གྲྭར་ཞུགས་ནས། གཞི་རིམ་ལས་བྱེད་པའི་ཆེད་ལས་ཅན་དང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ཆུ་ཚད་བརྟན་པོའི་ངང་ཇེ་མཐོར་བཏང་།
མཚོ་བྱང་ཁུལ་གྱིས་གཞི་རིམ་ལས་ཡུལ་དང་པོའི་ལས་བྱེད་མི་སྣར་མ་ལག་ཅན་གྱི་བསླབ་གནས་སློབ་གསོ་དང་འགན་སྒྲུབ་ནུས་པའི་གསོ་སྦྱོང་སྤེལ། འབྲོག་ཁུལ་གྱི་བྱ་བའི་གནས་ཚུལ་ལ་དམ་པོར་དམིགས་ཏེ། གཙོ་བོ་སྲིད་ཇུས་དོན་འཁྱོལ་དང་ཐོན་ལས་འཕེལ་རྒྱས། དམངས་བདེ་ཞབས་ཞུ་སོགས་ལ་གཞིགས་ནས་གནད་འཁེལ་ཁྲིད་སྟོན་བྱས་ནས། གཞི་རིམ་ལས་བྱེད་པའི་ཤེས་བྱའི་སྒྲིག་གཞི་སྣ་རྐྱང་ཡིན་ལ། ཆེད་ལས་ནུས་པ་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས། སློབ་སྒྲུབ་བརྒྱུད་རིམ་ཁྲོད། འདེམ་མིའི་ཚད་གཞི་དམ་འཛིན་དང་སློབ་སྒྲུབ་བརྒྱུད་རིམ་ཚད་ལྡན་དུ་བཏང་ནས། སློབ་ཞུགས་ལོ་ཚོད་དང་བསླབ་གནས་སོགས་ཞུགས་འཐུས་ཚད་གཞི་ཞིབ་ཕྲར་བཟོས་པ་དང་། ཐོབ་ཐབ་ཞིབ་བཤེར་སོགས་བརྒྱུད་རིམ་ཧྲིལ་བོའི་དོ་དམ་དངོས་འབེབས་ནན་མོ་བྱས་ལ། མིང་ཐོ་འགོད་དགོས་པས་ངེས་པར་དུ་མིང་ཐོ་འགོད་པ་དང་། སློབ་སྦྱོང་བྱེད་དགོས་པས་ངེས་པར་དུ་སློབ་སྦྱོང་བྱེད་དགོས་པ་རྒྱུན་འཁྱོངས། གསོ་སྦྱོང་ལ་ཞུགས་མཁན་གནད་འཁེལ་གྱིས་བདམས་ནས། ལས་བྱེད་དཔུང་ཁག་གི་སྤྱིའི་སྤུས་ཀར་འགན་སྲུང་བྱས། གོ་སླ་བ་དང་སློབ་ཐུབ་པ། སྤྱོད་ཆོག་པ་བཅས་ཀྱི་སློབ་སྒྲུབ་རྩ་དོན་རྒྱུན་འཁྱོངས་དང་། རོང་འབྲོག་ཁུལ་གྱི་འཕེལ་རྒྱས་དང་འཚམ་པའི་ཁྱད་ལྡན་ཆེད་ལས་བཀོད་སྒྲིག་བྱས་ཤིང་། དངོས་གཞི་དང་ཆེད་སྦྱོང་རིམ་པ་བགར་ནས་སྲིད་འཛིན་དོ་དམ་སོགས་གཞི་རིམ་གྱི་དགོས་མཁོ་དང་མཐུན་པའི་ཆེད་ལས་བསླབ་ཚན་བཀོད་སྒྲིག་བྱས་ཏེ། ལས་ཡུལ་དང་པོའི་བྱ་བར་གནད་འཁེལ་སྦྲེལ་མཐུད་བྱས།
ལས་བྱེད་པ་གསོ་སྦྱོང་ལ་ཞུགས་པའི་བརྩོན་སེམས་ལ་སྐུལ་ཆེད། མཚོ་བྱང་ཁུལ་གྱིས་བརྩེ་བའི་སློབ་རོགས་སྲིད་ཇུས་དོན་འཁྱོལ་བྱས་པ་དང་། ཕྱོགས་ཡོངས་ནས་སློབ་མའི་མིང་ཐོ་འགོད་རིན་དང་ཡིག་ཚགས་ཐོ་འགོད་བྱེད་རིན་མེད་པར་བཏང་ལ། རྫོང་རིམ་པས་སློབ་རིན་གྱི་བརྒྱ་ཆའི་དྲུག་ཅུ་དང་མི་སྒེར་གྱིས་སློབ་རིན་གྱི་བརྒྱ་ཆའི་བཞི་བཅུ་འཁུར་བའི་རྐྱེན་སྲོལ་བཙུགས་ནས། གཞི་རིམ་ལས་བྱེད་པའི་སློབ་གཉེར་གྱི་དཔལ་འབྱོར་ཁུར་པོ་ཇེ་ཡང་དུ་བཏང་། ཆེད་དོན་བྱ་དགའི་དངུལ་བཀོད་སྒྲིག་བྱས་ཏེ། སློབ་མ་རྣམས་ཀྱིས་སེམས་རྣལ་དུ་ཕབ་ནས་སློབ་སྦྱོང་བྱེད་པ་དང་རང་འགུལ་ངང་ནུས་པ་མཐོར་འདེགས་གཏོང་བར་སྐུལ་ལྕག་བྱས། སློབ་མ་རྣམས་ཀྱིས་སློབ་སྐར་ཚང་མ་ལོན་པ་དང་རྒྱུགས་བཤེར་ཚད་ལྡན་ཡིན་ཚེ་རྒྱལ་ཁབ་ཀྱིས་ཁས་ལེན་པ་དང་སློབ་མའི་ཆ་འཕྲིན་དྲ་རྒྱ་ལས་འཚོལ་བཤེར་ཐུབ་པའི་ཚད་ལྡན་བསླབ་གནས་ལེན་ཆོག་པས། སློབ་སྦྱོང་བྱས་ན་ཐོབ་བྱ་ཡོད་པ་དང་བསླབ་པའི་ཤེས་བྱ་བེད་སྤྱོད་བྱེད་ཐུབ་པ་མངོན་འགྱུར་བྱུང་།