མཚོ་བྱང་ཁུལ་གྱིས2026ལོར་ས་མུའུ་འབུམ་གཅིག་ལྷག་ལྗང་བསྒྱུར་ཡོངས་འགྲུབ་བྱ་རྩིས་ཡོད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ4པའི་ཚེས7ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2026ལོར་མཚོ་བྱང་ཁུལ་གྱིས་ས་མུའུ་འབུམ་གཅིག་ལྷག་ལྗང་བསྒྱུར་བྱ་རྒྱུའི་འཆར་གཞི་བཟོས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། མཚོ་བྱང་ཁུལ་གྱིས《2026ལོའི་རྒྱལ་ཁོངས་ལྗང་བསྒྱུར་ལས་དོན་གྱི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་པ་དང་། 《ཇུས་གཞིའི》ནང་། 2026ལོར་མཚོ་བྱང་ཁུལ་གྱིས་ས་མུའུ་འབུམ་གཅིག་ལྷག་ལྗང་བསྒྱུར་བྱ་རྒྱུའི་འཆར་གཞི་ཡོད་པ་དང་། ཁྱོན་བསྡོམས་མ་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་གཉིས་འབུམ་དྲུག་ཁྲི་གཉིས་གཏོང་རྩིས་ཡོད། དེའི་ནང་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གིས་ས་མུའུ་སྟོང་གསུམ་དང་བརྒྱད་བརྒྱ་དང་། མདོ་ལ་རྫོང་གིས་ས་མུའུ་ཁྲི་གསུམ་དང་སྟོང་གཅིག་བརྒྱ། རྐང་ཚ་རྫོང་གིས་ས་མུའུ་ཁྲི་གསུམ་དང་སྟོང་གཉིས་བདུན་བརྒྱ། མདའ་བཞི་རྫོང་གིས་ས་མུའུ་ཁྲི་བཞི་དང་སྟོང་གཅིག་ཉིས་བརྒྱ་བཅས་ལྗང་སྒྱུར་བྱ་རྒྱུ་ཡིན་པར་མ་ཟད། ཁུལ་ཡོངས་ཀྱིས་འོས་འགན་སྡོང་འཛུགས་མུའུ་ཆིག་སྟོང་དགུ་བརྒྱ་རེ་དགུ་དང་སྡོང་རྐང་འབུམ་གཉིས་དང་ཁྲི་ལྔ་སྟོང་དགུ་ཉིས་བརྒྱ་ཡན་འཛུགས་རྩིས་ཡོད།

ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་བྱང་ཁུལ་གྱིས“བྱང་གསུམ”བཟོ་སྐྲུན་དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། ནགས་རྩྭ་ཐོན་ཁུངས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ། ལྗང་མདོག་ཁྱིམ་གཞིས་བསྐྲུན་པ་བཅས་ཀྱི་ཐད་གོ་རིམ་ལྡན་ལ་མ་ལག་ཚང་བའི་ངང་ནས་སྐུལ་འདེད་བཏང་ཡོད།  ལྗང་བསྒྱུར་གྱི་བྱེད་ཐབས་རབ་དང་རིམ་པ་བརྒྱུད་དེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྐྱེ་ཁམས་བར་མཐོངས་དྲ་རྒྱ་བསྐྲུན་ནས། མི་སྡོད་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་ཡོད། ཁུལ་ཡོངས་ཀྱི་ནགས་རྩྭའི་སྔོ་ཁེབས་ཀྱི་ཚད་དང་སྤུས་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་ཡོད་པ་དང་། ཆུ་ཁུངས་གསོག་སྐྱིལ་དང་ས་ཆུ་སྲུང་འཛིན་གྱི་ནུས་པ་མངོན་གསལ་ཇེ་ལེགས་སུ་སོང་ཡོད་པ་ལས་གཞན། སྐྱེ་ཁམས་སྤུས་ཚད་སྤྱིའི་ཆ་ནས་ཇེ་ལེགས་སུ་སོང་བ་དང་། སྐྱེ་ཁམས་མ་ལག་གི་བརྟན་བརླིང་རང་བཞིན་མངོན་གསལ་ཇེ་དྲག་ཏུ་ཕྱིན་པར་མ་ཟད། སྐྱེ་དངོས་སྣ་མང་རང་བཞིན་སྔར་ལས་ཇེ་འཛོམས་སུ་སོང་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།