ཟླ3པའི་ཚེས24ཉིན། གསར་འགོད་པས་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གཉིས་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཐོག་རྒྱུས་ལོན་པ་ལྟར་ན། 2025ལོར་ཞིང་ཆེན་ཡོངས་ཀྱི“ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་དར་རྒྱས་གཏོང་བའི”འགུལ་སྐྱོད་བརྟན་ཐོག་ཡར་འཕེལ་བྱུང་ནས་དམངས་གཉེར་ཁེ་ལས33གྱིས་སྲིད་འཛིན་སྡེ་བ33ལ་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་། རིམ་རྩིས་བྱས་ན་མ་རྩ་བཞག་པ་སྒོར་དུང་ཕྱུར་གསུམ་བྱེ་བ་དྲུག་དང་། ལས་ཞུགས་མི་གྲངས་ཆིག་སྟོང་རེ་གསུམ་བསྡུ་ལེན་བྱས། སྤྱི་ཕན་ཞལ་འདེབས་སྒོར་དྲུག་འབུམ་དྲུག་ཁྲི་བདུན་སྟོང་སུམ་བརྒྱ་ཕུལ་བ་བཅས་བྱས་ཏེ། དམངས་གཉེར་ཁེ་ལས་གྲོང་གསེབ་དར་རྒྱས་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་རྒྱུན་མཐུད་ཆེ་རུ་ཕྱིན་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམངས་གཉེར་དཔལ་འབྱོར་གྱི་སྒུལ་ནུས་ཆེན་པོ་བསྩལ་ཡོད།
2021ལོར་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་ཁེ་ལས་ཀྱི“ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་དར་རྒྱས་གཏོང་བའི”འགུལ་སྐྱོད་སྤེལ་འགོ་ཚུགས་པ་ནས་ད་ལྟའི་བར་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་ཁེ་ལས502དེའི་ནང་ཧུར་ཐག་ཞུགས་པ་དང་། སྡེ་བ་ཐུན་མོང539དང་བདེ་བླག་ངང་ཆ་སྒྲིག་བྱས་ཏེ་གཉེར་སྐྱོང་རིགས་དང་སྤྱི་ཕན་རིགས་ཀྱི་རྣམ་གྲངས་592དོན་འཁྱོལ་བྱས་པ་དང་། ཁེ་ལས་ཀྱིས་མ་དངུལ་སྒོར་ཐེར་འབུམ་གསུམ་དུང་ཕྱུར་དྲུག་ས་ཡ་དྲུག་བཏང་བ་དང་སྤྱི་ཕན་ཞལ་འདེབས་རིམ་རྩིས་བྱས་ན་སྒོར་བྱེ་བ་གཉིས་ས་ཡ་ལྔ་ཉིས་འབུམ་དྲུག་ཁྲི་ཕུལ་ནས་ལས་ཞུགས་མི་གྲངས5819ལ་ཐད་ཀར་སྐུལ་ཁྲིད་བྱས་ཏེ། རོགས་སྐྱོར་གཞི་གྲངས་དངོས་ཀྱི་ཐོག་ནས་བྱ་སྤྱོད་ཕན་འབྲས་ལེགས་པོ་མངོན་ཡོད་པ་རེད།
བྱ་སྤྱོད་ལས་ཐོན་ལས་དར་རྒྱས་གཏོང་རྒྱུ་གཙོ་རྒོལ་གྱི་ཁ་ཕྱོགས་སུ་བཟུང་ནས་ཁེ་ལས་ཀྱི་མ་རྩ་དང་ལག་རྩལ་དང་གྲོང་གསེབ་ཀྱི་དགེ་མཚན་དང་སྦྲེལ་མཐུད་གཏིང་ཟབ་བྱེད་པར་ཁྲིད་སྟོན་བྱས་ཏེ། ཁྱད་ལྡན་འདེབས་གསོ་དང་། གྲོང་གསེབ་ཡུལ་སྐོར། སྤུས་ལེགས་ལས་སྣོན་ཞིབ་ཚགས་བཟོ་བ་བཅས་ལ་ཤུགས་བསྣན། ན་གོར་མོ་དབྱི་ལིན་འཕང་འབྲས་ཀྱིས་མུའུ་ཆིག་ཁྲི་ཡི་སྐྱེ་ལྡན་རྟེན་གཞི་བསྐྲུན་པ་དང་། ཤིང་འབྲས་སོས་པ80%ཡོ་རོབ་ཏུ་ཕྱིར་འཚོང་བྱས་པས། མི་ཆིག་ཁྲི་ལ་ཉེ་བའི་ལས་ཞུགས་ལ་སྐུལ་ཁྲིད་བྱས་ཤིང་། འདེབས་འཛུགས་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ལོ་རེའི་ཡོང་འབབ་སྒོར་ཆིག་ཁྲི་ལས་བརྒལ། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཡིའུ་ཙུའེ་བན་སྐྱེ་ཁམས་རིག་གནས་མཛེས་ལྗོངས་ཁུལ་གྱིས“ཀུང་སི་དང་མཉམ་ལས་ཁང་། ཞིང་ཁྱིམ་བཅས་ཀྱི་རྣམ་པའི་ཐོག་ནས་སྡེ་བ་ཐུན་མོང་གི་དཔལ་འབྱོར་ཡོང་འབབ་སྒོར་ལྔ་འབུམ་འཕར་རྒྱུར་སྐུལ་ཁྲིད་བྱས། མཚོ་སྔོན་ཐུང་ཏ་སྣུམ་ཚིལ་གྱིས་ཐོན་ལས་མུ་ཕྲེང་སྣུར་སྲིང་བྱས་ནས་ཞིང་བའི་ཁྱིམ་ཚང་གི་ཆ་སྙོམས་ཡོང་འབབ་སྒོར་ཉིས་ཁྲི་ཙམ་འཕར་རྒྱུར་སྐུལ་ཁྲིད་བྱས་པ་མ་ཟད། ས་གནས་དེ་གའི་ལག་རྩལ་རྐང་འཛིན་པ་གསོ་སྐྱོང་ཡང་བྱས་ཡོད།
ལས་ཞུགས་ཀྱི་ཡོང་འབབ་འཕར་སྣོན་དང་རྩལ་ནུས་མཐོ་རུ་གཏོང་བར་སྐུལ་འདེད་བཏང་ཡོད། ཁེ་ལས་ཀྱིས་སྣ་མང་ཅན་དང་རིམ་པ་མང་བའི་ལས་ཞུགས་ལས་གནས་མཁོ་སྤྲོད་བྱས་པ་དེས་ཞིང་པའི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་ནུས་ལྡན་བཏང་སྟེ། རོང་འབྲོག་པ་ཁག་ཅིག་གི་ལས་ཞུགས་ཀྱི་ཟླ་རེའི་ཡོང་འབབ་སྒོར5000ལས་བརྒལ་ཡོད། དེ་དང་ཆབས་ཅིག་ཁེ་ལས་ཀྱིས་ལས་རིགས་རྩལ་ནུས་གསོ་སྦྱོང་མ་ལག་ནང་འདྲེན་བྱས་པ་དང་། མཚོ་སྔོན་ཕན་ཚུན་རོགས་རེས་ཁྱིམ་ལས་སྡེ་ཚོགས་ཀྱིས་རྩལ་ནུས་ཤེས་ལྡན་མི་སྣ་དཀོན་པོ6000ལྷག་ལ་གསོ་སྦྱོང་བྱས་པ་དང་ལས་ཞུགས་མི་གྲངས་ཆིག་ཁྲི་དྲུག་སྟོང་ལ་སྐུལ་ཁྲིད་བྱས། མཚོ་སྔོན་ཧྭ་ཧྥང་བཟོ་རྩལ་གྱིས་ལོ་བཅུའི་རིང་ཡོན་ཅིན་ལག་རྩལ་བཟོ་པ300ལྷག་སྐྱེད་སྲིང་བྱས་ཡོད།
ཚན་རྩལ་གྱིས་དེང་རབས་ཞིང་ལས་ལ་ནུས་པ་བསྩལ་ཏེ་སྤུས་འདེགས་ཕན་བསྐྱེད་བྱུང་། སོན་བཟང་ལག་རྩལ་བཟང་པོ་རྒྱ་ཆེར་སྤེལ་བ་དང་། རིག་ནུས་སྒྲིག་ཆས་བཀོལ་སྤྱོད། ཚན་རྩལ་ཞབས་ཞུ་གཤམ་སྐྱོད་བཅས་བྱས་ཏེ་ཞིང་ལས་འཕེལ་རྒྱས་ཀྱི་རིམ་པ་མཐོ་རུ་གཏོང་རྒྱུ་དང་རིམ་སྤར་ཡོང་བར་བྱས། མཚོ་སྔོན་ཁྲང་ཆིང་སྔོ་ཚལ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གིས་ཐོན་ལས་མུ་ཕྲེང་ཡོངས་ཀྱི“ནུབ་ཚལ་ཤར་སྐྱེལ”བསྐྲུན་པ་དང་། མཚོ་སྔོན་པིན་ཧྲེང་རྩྭ་ལས་ཀྱིས་སྔོན་ཐོན་སྒྲིག་ཆས200ལྷག་བཏང་ནས་སྡེ་བ་ཐུན་མོང11ལ་ཁྱབ་འགྱེད་བྱས་པ་དང་། མཚོ་སྔོན་གངས་འབྲི་ལུང་སྐྱེ་དངོས་ཀྱིས་ལག་རྩལ་གསོ་སྦྱོང་ལ་བརྟེན་ནས་ཞིང་ཁྱིམ་ལ་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཆིག་ཁྲི་ལྔ་སྟོང་འཕར་རྒྱུར་སྐུལ་ཁྲིད་བྱས།
སྤྱི་ཕན་རོགས་སྐྱོར་གྱིས་སེམས་པ་དྲོད་ཀྱིས་ཁྱབ་སྟེ་དམངས་འཚོར་ཕན་པ་ཐོགས། མཚོ་སྔོན་ཐེན་ཆི་ས་ཁང་ཉོ་ཚོང་གིས་སྒོར་བྱེ་བ་བདུན་ས་ཡ་གཉིས་བཞི་འབུམ་ལྔ་ཁྲི་ཞལ་འདེབས་སུ་ཕུལ་ནས་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་བཏང་བ་དང་། མཚོ་སྔོན་ཐེན་ཡིའུ་ཏི་སློབ་གསོ་ཐེབས་རྩ་ལྷན་ཚོགས་སོགས་ཀྱིས་སློབ་མ་ཆིག་སྟོང་ལྷག་ལ་རྒྱུ་དངོས་ཀྱིས་རོགས་རམ་བྱས། “གཟི་བརྗིད་ལྡན་པའི་ལས་དོན་མཚོ་ནུབ་ཕྱོགས་སུ་སྐྱོད་པའི”བྱེད་སྒོའི་ཁྲོད་དམངས་གཉེར་ཁེ་ལས་ཀྱིས་རིན་གོང་སྒོར་བྱེ་བ་གཅིག་ས་བདུན་ལྷག་ཟིན་པའི་སྨན་བཅོས་སྒྲིག་ཆས་ཞལ་འདེབས་ཕུལ་ཏེ་གཞི་རིམ་གྱི་སྨན་བཅོས་ལ་རོགས་རམ་བྱས། རིག་གནས་རོགས་སྐྱོར་གྱིས་གྲོང་གསེབ་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། སྡེ་མིའི་དམངས་འཚོའི་བདེ་སྐྱིད་ཆེ་རུ་བཏང་ཡོད།