ཟླ2པའི་ཚེས11ཉིན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཚོང་དོན་ཅུས་ནས་རྒྱུས་ལོན་པ་ལྟར་ན། མཚོ་ནུབ་ཁུལ་གྱིས་ལོ་གསར་སྐབས་སུ“ཚྭ་འདམ་གཞོང་གི་ལེགས་སྐྱེས”ཞེས་པའི་དམངས་ཕན་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་རབ་དང་རིམ་པ་རྒྱུན་མཐུད་ངང་སྤེལ་བ་དང་། སྒོ་རྩིས་ཚོང་ཁང་དང་བཟའ་བཏུང་། ཁྱིམ་གློག རླངས་འཁོར། གྲངས་འཛིན་ཁྱབ་ཁོངས་བཅས་སུ་འཛད་སྤྱོད་འཛིན་ཤོག་དང་གསར་ཉོ་ཁ་གསབ་བྱིན་ཏེ། ཁུལ་ཡོངས་ཀྱི་འཛད་སྤྱོད་པར་ཕན་བདེ་བསྩལ་ཏེ་ཕྱོགས་ཡོངས་ནས་འཛད་སྤྱོད་ཀྱི་སྤྲོ་སེམས་རྒྱས་པར་བྱས་ཡོད།
སྐོར་ཐེངས་ཐོག་མའི“ཚྭ་འདམ་གཞོང་གི་ལེགས་སྐྱེས། དགུན་དུས་ཉོ་སྒྲུབ་དུས་ཚིགས”ཀྱི་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་ཁྱོན་ཕྱོགས་ཡོངས་ནས་སྤེལ་བ་དང་། དེའི་ནང་མཚོ་ནུབ་ཁུལ་གྱི“ཚྭ་འདམ་གཞོང་གི་ལེགས་སྐྱེས། དགུན་དུས་ཉོ་སྒྲུབ་དུས་ཚིགས”ཀྱི་ལོ་གསར་ཚོང་ཟོག་དུས་ཆེན་དང་། མང་ངེ་གྲོང་ཁྱེར་གྱི“ལུགས་གསར་ལོ་གསར་དང་ལུགས་རྙིང་ལོ་གསར། དགུན་དུས་ཉོ་སྒྲུབ་དུས་ཚིགས”ཀྱི་ལོ་གསར་ཚོང་ཟོག་དུས་ཆེན། ཐེམ་ཆེན་རྫོང་གི“དགུན་དུས་དམངས་ཕན”གྱི་ཁྱིམ་སྤྱོད་གློག་ཆས་ལ་བརྟེན་ནས་འཛད་སྤྱོད་སྐུལ་སྤེལ་གཏོང་བའི་བྱེད་སྒོ། ཐེམ་ཆེན་རྫོང་གི“དགུན་དུས་དམངས་ཕན”གྱི་སྡེབ་འཚོང་སིལ་འཚོང་དང་བཟའ་བཏུང་ལ་བརྟེན་ནས་འཛད་སྤྱོད་སྐུལ་སྤེལ་གཏོང་བའི་བྱེད་སྒོ་བཅས་མུ་འབྲེལ་བྱེད་སྒོ་ཆེན་པོ་བཞི་ཚུད་ཡོད། འདིས་མང་ཚོགས་ཀྱིས་ལོ་གསར་ཚོང་ཟོག་ཉོ་སྒྲུབ་དང་ལོ་གསར་སྐྱིད་པོ་རོལ་རྒྱུར་གཟིགས་སྐྱོང་མང་པོ་བྱིན་ཡོད།
སྐོར་ཐེངས་གཉིས་པའི“ཚྭ་འདམ་གཞོང་གི་ལེགས་སྐྱེས། དགུན་དུས་ཉོ་སྒྲུབ་དུས་ཚིགས”དེ་ཟླ་གསུམ་པའི་ཟླ་འགོར་འགོ་རྩོམ་རྒྱུ་ཡིན་ཞིང་། གཙོ་བོ་རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། གྲངས་འཛིན་ཐོན་རྫས་སོགས་གསར་ཉོ་ཁ་གསབ་བྱེད་སྒོ་སྤེལ་རྒྱུ་ཡིན་པ་དང་། དེ་བཞིན་སྒོ་རྩིས་ཚོང་ཁང་དང་། བཟའ་བཏུང་། འབྲུ་སྣུམ་གློག་རྡུལ་འཛད་སྤྱོད་འཛིན་ཤོག་སྤྲོད་པའི་བྱེད་སྒོ་སྤེལ་ནས་འཛད་སྤྱོད་ཀྱི་བག་ཤུགས་གློད་དེ་ཁྲོམ་རའི་ཡིད་ཆེས་འཕེལ་བར་བྱ་རྒྱུ་ཡིན།
རྒྱུས་ལོན་པ་ལྟར་ན། ད་ཐེངས་ཀྱི་བྱེད་སྒོར་ཞུགས་པའི་ཐབས་ལམ་སྟབས་བདེ་སྣ་མང་ཡིན། སྐོར་ཐེངས་དང་པོའི་བྱེད་སྒོ་གཙོ་བོ་ཡུན་ཧྲན་ཧྥུAppསོགས་དྲ་ལམ་སྟེགས་བུར་སྤེལ་བ་དང་། འཛད་སྤྱོད་པས་ཡུན་ཧྲན་ཧྥུAppཕབ་ལེན་བྱས་ནས་འཛིན་ཤོག་འཕྲོག་རྗེས། ཁྱབ་བསྒྲགས་བྱས་པའི་ཡུལ་དངོས་ཚོང་ཁང་དུ་འཛད་སྤྱོད་བྱེད་པ་དང་འཕྲལ་མར་ཉུང་འཕྲིའི་གཟིགས་སྐྱོང་ལོངས་སུ་སྤྱོད་ཐུབ། བྱེད་སྒོ་སྐོར་ཐེངས་གཉིས་པར་ཁྱད་པར་ཅན་གྱི་དམངས་ཕན་སྲིད་ཇུས་སྤྱད་དེ། རླངས་འཁོར་གསར་ཉོ་ཁ་གསབ་རླངས་འཁོར་ཉོ་སྒྲུབ་ཀྱི་རིན་གོང་ལྟར་རིམ་པ་དབྱེ་ནས་སྤྲོད་རྒྱུ་དང་། ཁྱིམ་སྤྱོད་གློག་ཆས་དང་གྲངས་འཛིན་ཐོན་རྫས་ལ་ཚོང་ཁང་དུ་དེར་མཚུངས་ཀྱི་ཉུང་འཕྲིའི་གཟིགས་སྐྱོང་བཀོད་སྒྲིག་བྱ་རྒྱུ་ཡིན་པ་དང་། སྒོ་རྩིས་ཚོང་ཁང་དང་། བཟའ་བཏུང་། དེ་བཞིན་འབྲུ་སྣུམ་སིལ་འཚོང་བཅས་ལ་རིམ་པ་མང་བའི་གྲངས་འབོར་ཉུང་བའི་འཕྲལ་འཕྲི་འཛིན་ཤོག་སྤྲོད་རྒྱུ་རེད།