མཚོ་ལྷོ་ཁུལ་གྱི་རྫོང་གཉིས་ལ་རྒྱལ་ཁབ་ཀྱི་སློབ་སྔོན་སློབ་གསོ་ཁྱབ་གདལ་སྤྱི་ཕན་གྱི་ངོས་འཛིན་ཐོབ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ1པའི་ཚེས14ཉིན་ཉིན་གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན།   སློབ་གསོ་པུའུ་ཡིས་ཟླ1ཚེས7ཉིན《2025ལོའི་སློབ་སྔོན་སློབ་གསོ་ཁྱབ་གདལ་སྤྱི་ཕན་རྫོང་གི་མིང་ཐོ་ཁྱབ་བསྒྲགས་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་པའི་ཁྲོད། མཚོ་ལྷོ་ཁུལ་གྱི་ཞིན་ཧེ་རྫོང་དང་ཀོས་ནན་རྫོང་གཉིས་ལ་རྒྱལ་ཁབ་ཀྱི་དཔྱད་འཇོག་ངོས་འཛིན་ཐོབ། འདི་ནི་མཚོ་ལྷོ་ཁུལ་ལ་ཐོག་མར་རྫོང་ཁོངས་ནས་རྒྱལ་ཁབ་ཀྱི་སློབ་སྔོན་སློབ་གསོ་ཁྱབ་གདལ་སྤྱི་ཕན་གྱི་དཔྱད་འཇོག་ངོས་འཛིན་ཐོབ་པ་ཡིན་ལ། 2024ལོ་ནས་བཟུང་ཞིང་ཆེན་ཡོངས་སུ་རྒྱལ་ཁབ་ཀྱི་དཔྱད་འཇོག་ངོས་འཛིན་ཐོབ་པའི་རྫོང་ཁོངས9ཡི་ཁྲོད་མཚོ་ལྷོ་ཁུལ་གྱིས་གཉིས་ཟིན་ཡོད་པ་དེས་ཁུལ་ཡོངས་ཀྱི་སློབ་སྔོན་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་པ་མཚོན་ཡོད།

ཉེ་བའི་ལོ་འགའི་རིང་།     མཚོ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་སློབ་སྔོན་སློབ་གསོ་དེ་དམངས་འཚོ་སྔོན་འགྲོའི་ལས་གྲྭ་རུ་བརྩིས་ཏེ།     “བྱིས་པ་ལེགས་སྐྱོང”གི་དམིགས་འབེན་གཏན་ཁེལ་བྱས་ནས།     《མཚོ་ལྷོ་ཁུལ་གྱི་རྫོང་ཁོངས་སློབ་སྔོན་སློབ་གསོ་ཁྱབ་གདལ་སྤྱི་ཕན་འགག་སྒྲོལ་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི》དཔར་འགྲེམ་བྱས་ཏེ།     སྲིད་ཇུས་རྩ་གནད་དུ་བཟུང་བ་དང་དངུལ་གཏོང་རྨང་གཞིར་བྱས་པ།     དཔུང་སྡེ་གཙོ་བོ་བྱས་པ་དང་སྤུས་ཚད་བླ་སྲོག་ཏུ་བརྩིས་པས།     མ་ལག་ལྡན་པའི་སྒོ་ནས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱས།

སྲིད་གཞུང་གི་འགན་སྲུང་རིམ་པ་ནས་ཞིན་ཧེ་རྫོང་དང་ཀོས་ནན་རྫོང་གཉིས་ཀྱིས་རྫོང་དཔོན་གྱིས་ཚན་གཙོའི་འགན་འཁུར་བའི་གསར་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ཏེ།     སྡེ་ཁག་མཉམ་འགུལ་དང་མཉམ་འཛིན་མཉམ་སྡོམ་གྱི་བྱ་བའི་རྣམ་པ་གྲུབ་སྟེ། ཞིང་ཆེན་དང་ཁུལ་གྱིས་ལྟ་སྐུལ་སློབ་སྟོན་བྱས་པའི་ཕྱིར་ལྡོག་གནད་དོན་ལ་དམིགས་ནས་དག་ཐེར་བྱས་ཏེ།     རྫོང་ཁོངས་འཕེལ་རྒྱས་ཀྱི་བྱེད་པོའི་འགན་འཁྲི་དངོས་འབེབས་བྱས།     འགྲོ་གྲོན་གཏོང་ཚད་མུ་མཐུད་དུ་ཇེ་མང་དུ་བཏང་བ་དང་།     ཀོས་ནན་རྫོང་གིས་ཉེ་བའི་ལོ་གསུམ་རིང་རིམ་རྩིས་བྱས་ན་སྒོར་བྱེ་བ་དྲུག་ས་ཡ་བརྒྱད་འབུམ་བརྒྱད་ཁྲི་དགུ་བཏང་ནས། སྡེ་བ་རིམ་པའི་བྱིས་སྐྱོང་ཁང32གསར་དུ་བསྐྲུན་པ་དང་།     རྩེད་ཆས་དང་སློབ་ཆས་གཉིས་ཀས་གོ་ཆོད་པ་དང་འཚོ་བའི་སྒྲིག་བཀོད་གསར་སྒྱུར་བྱས།   ཞིན་ཧེ་རྫོང་གིས་ཉེ་བའི་ལོ་གསུམ་རིང་སྒོར་བྱེ་བ་ལྔ་ས་ཡ་གཉིས་འབུམ་གཉིས་ཁྲི་བདུན་བཏང་ནས་བྱིས་སྐྱོང་ཁང་གི་འཛུགས་སྐྲུན་དང་སློབ་ཆས་ཉོ་སྒྲུབ་ལ་བཀོལ་བ་དང་རྫོང་གཉིས་སུ“ཡུལ་ཚོ་རེར་ལྟེ་གནས་བྱིས་སྐྱོང་ཁང་གཅིག་དང་སྡེ་བ་ཆེན་པོར་སྒེར་ཚུགས་བྱིས་སྐྱོང་ཁང་།     སྡེ་བ་ཆུང་བར་མཉམ་འབྲེལ་བྱིས་སྐྱོང་ཁང”བཅས་ཡོད་པ་ཁྱོན་ཡོངས་ལ་ཁྱབ་པར་བྱས།

དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་སྟེ།     རྫོང་གཉིས་ཀྱིས་ཡོངས་བསྒྲགས་རྒྱུགས་ལེན་དང་ལེགས་འདེམས་གདན་ཞུ་སོགས་ཀྱི་བྱེད་ཐབས་སྤྱད་དེ། གྲངས་འབོར་འདང་ངེས་དང་བྱང་ཚད་ལྡན་པའི་བྱིས་སྐྱོང་དང་སློབ་གསོའི་དཔུང་སྡེ་ཞིག་བསྐྲུན་ཡོད།     དུས་མཚུངས་སུ་ས་ཁོངས་ཀྱི་ཁྱད་ཆོས་ལ་རྐང་ཚུགས་ནས་བྱིས་སྐྱོང་ཁང་གི་ཁོར་ཡུག་ཇེ་ལེགས་སུ་བཏང་བ་དང་།   ཕན་ཚུན་བྱེད་ནུས་དང་གསོ་སྐྱོང་རང་བཞིན་མངོན་གསལ་དོད་པོར་བཏང་སྟེ།     རྫོང་ཁོངས་ཀྱི་སྤུས་ལེགས་བྱིས་སྐྱོང་ཁང་དང་གྲོང་གསེབ་བྱིས་སྐྱོང་ཁང་གི་ཆ་སྒྲིག་མཉམ་སྐྲུན་ལམ་སྲོལ་བཙུགས་པ་དང་།     སྤུས་ལེགས་ཐོན་ཁུངས་གཞི་རིམ་དུ་བསྐྱོད་པར་སྐུལ་འདེད་བཏང་།

མིག་སྔར།   ཞིན་ཧེ་རྫོང་དུ་བྱིས་སྐྱོང་ཁང52ཡོད་པ་དང་ཀོས་ནན་རྫོང་དུ་བྱིས་སྐྱོང་ཁང61ཡོད།  རྫོང་གཉིས་ཀྱི་གཞུང་བཙུགས་བྱིས་སྐྱོང་ཁང་གི་ཁྱབ་ཚད100%མངོན་འགྱུར་བྱས་ཏེ། སློབ་སྔོན་གྱི་ལོ་གསུམ་རིང་གི་བྱིས་སྐྱོང་ཁང་དུ་སློབ་ཞུགས་ཚད97%ཡན་ལ་སླེབས་ཡོད།     རྫོང་གཉིས་ཀྱིས་ཞིང་ཆེན་རིམ་པའི་དཔེ་སྟོན་བྱིས་སྐྱོང་ཁང5དང་ཁུལ་རིམ་པའི་དཔེ་སྟོན་བྱིས་སྐྱོང་ཁང6བསྐྲུན་ནས་སྐས་རིམ་འཕེལ་རྒྱས་ཀྱི་སྤུས་ལེགས་བྱིས་སྐྱོང་ཁང་གི་རྣམ་པ་གྲུབ་སྟེ་སློབ་སྒྲུབ་ཆུ་ཚད་བརྟན་པོར་ཇེ་མཐོར་ཕྱིན།

མཚོ་ལྷོ་ཁུལ་སློབ་གསོ་ཅུས་ཀྱིས་རྫོང་གཉིས་ཀྱི་གསར་སྐྲུན་ཉམས་མྱོང་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། གུང་ཧོ་རྫོང་གི་རྒྱལ་ཁབ་དཔྱད་འཇོག་ངོས་འཛིན་གྱི་རེ་ཞུའི་བྱ་བར་བརྟན་བརླིང་ངང་སྐུལ་འདེད་གཏོང་རྒྱུ་དང་། ཁྲི་ཀ་རྫོང་དང་ཐུན་ཏེ་རྫོང་གིས་གསར་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་ནས། ནུས་ཤུགས་ཡོད་རྒུས2026ལོར་ཁུལ་གྱི་ས་ཁོངས་ཡོངས་ལ་རྒྱལ་ཁབ་ཀྱི་སློབ་སྔོན་སློབ་གསོ་ཁྱབ་གདལ་སྤྱི་ཕན་གྱི་དཔྱད་འཇོག་ངོས་འཛིན་ཐོབ་པའི་དམིགས་འབེན་ལ་གདོང་མཆོང་བྱས་ཏེ། བྱིས་པ་དེ་ལས་མང་པོར་དྲང་སྙོམས་དང་སྤུས་ལེགས་ཀྱི་སློབ་སྔོན་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་དུ་འཇུག་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།