མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། རྨ་ལྷོ་ཁུལ་གྱིས་འདེབས་འཛུགས་གཙོར་འཛིན་པ་དང་སྲུང་སྐྱོབ་གཞི་རྩར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁོངས་ལྗང་སྒྱུར་བྱ་བ་སྤེལ་ཞིང་། བསྡོམས་པས་སྤྱི་ཆིངས་འབུམ་གཅིག་དང་ཁྲི་གཅིག་ལྷག་གི་རྒྱལ་ཁོངས་ལྗང་སྒྱུར་ནགས་སྐྲུན་ལས་འགན་ཡོངས་འགྲུབ་བྱས་ཏེ་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་མཇུག་གི་བརྒྱ་ཆའི་བཅུ་དགུ་ལྷག་ནས་བརྒྱ་ཆའི་ཉེར་བཞི་ལྷག་ལ་མཐོར་འདེགས་བྱུང་ནས་སྐྱེ་ཁམས་འགོག་ར་བརྟན་པོར་བཙུགས།
རྨ་ལྷོ་ཁུལ་གྱིས་འཆར་འགོད་སྔོན་ལ་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ནགས་ལས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞི་སོགས་ཇུས་གཞི་རབ་དང་རིམ་པ་སྒྲིག་བཟོ་གཏན་འབེབས་བྱས་པ་དང་། རི་ཆུའི་རྨ་ལྷོ་བསྐྲུན་པའི་སྤྱིའི་དམིགས་འབེན་ལ་དམིགས་ནས་བྱང་གསུམ་གྱི་དུས་སྐབས་དྲུག་པ་དང་རྒྱལ་ཁོངས་ལྗང་སྒྱུར་ཚོད་ལྟའི་དཔེ་སྟོན་སོགས་ལས་གཞི་གལ་ཆེན་ལ་མ་ལག་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ཞིང་། ཁམས་ར་ནས་སྡོང་མགོ་ནགས་ར་དང་། དགུ་རོང་ནས་དམེ་ཤུལ་ནགས་ར་གཙོ་ཡིན་པའི་ལྗང་མདོག་སྐྱེ་ཁམས་ཁྱམས་ར་བསྐྲུན་པར་མ་ཟད། རྒྱལ་ཁབ་རང་བྱུང་སྤྱི་གླིང་ཆེན་པོ་བདུན་དང་ཞིང་ཆེན་རིམ་པའི་རང་བྱུང་སྤྱི་གླིང་གཉིས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ་ཁྱམས་ར་གཉིས་དང་སྤྱི་གླིང་མང་པོའི་སྐྱེ་ཁམས་སྲུང་སྐྱོབ་རྣམ་པ་གྲུབ་པར་བྱས།
རྨ་ལྷོ་ཁུལ་གྱིས་གནས་ཐིག་ངོས་གསུམ་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་གཞུང་ལམ་འགྲམ་རྒྱུད་ལྗང་སྒྱུར་བྱེད་རྒྱུ་དེ་ཐིག་དང་གྲོང་གསེབ་མཐའ་འཁོར་ལྗང་སྒྱུར་བྱེད་རྒྱུ་དེ་ངོས། སྒོ་རའི་མཐའ་འཁོར་ལྗང་སྒྱུར་བྱེད་རྒྱུ་དེ་གནས་བཅས་སུ་བྱས་ནས་ནགས་སྐྲུན་ལྗང་སྒྱུར་དང་ཉེ་འཁོར་གྱི་ལྗང་སྒྱུར། ཁུལ་ཁོངས་ཕྱོགས་བསྡུས་ཁོར་ཡུག་བཅོས་སྐྱོང་བཅས་མཉམ་བསྲེས་ཟབ་མོ་བྱས་ཏེ་ནགས་ཚལ་གྲོང་རྡལ་དང་ནགས་ཚལ་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་བཏང་། སྡེ་ཁག་དང་མང་ཚོགས་རྣམས་རང་འགུལ་ངང་ལས་ཁུངས་ཀྱི་མཐའ་འཁོར་དང་སྡོད་དམངས་ཀྱི་སྒོ་ར། ཁང་པའི་མཐའ་འཁོར་གྱི་སྡོང་འཛུགས་རྩྭ་འདེབས་ཀྱི་བྱ་བའི་ཁྲོད་ཞུགས་པར་ཁྲིད་སྟོན་བྱས་ཏེ་ཁོར་ཡུག་ལྗང་སྒྱུར་ལས་དོན་དེ་རྒྱུན་ལྡན་གྱི་བྱ་བའི་ཁྲོད་འདྲེས་སུ་བཅུག ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་རྡལ་གསུམ་དང་ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་གསེབ་བཞི་འཛུགས་སྐྲུན་བྱས་པ་དང་། གྲོང་སྡེ་ང་ལྔའི་ལྗང་སྒྱུར་དང་སྤྱི་ལེ་བཞི་བརྒྱ་ལྷག་གི་གཞུང་ལམ་འགྲམ་རྒྱུད་ཀྱི་ལྗང་སྒྱུར་བྱ་བ་ཡོངས་འགྲུབ་བྱས་པར་མ་ཟད། སྦྲེལ་དྲ་དང་དམངས་ཡོངས་འོས་འགན་སྡོང་འཛུགས་མཉམ་བསྲེས་ཀྱི་རྟེན་གཞི་གཅིག་གསར་འཛུགས་བྱས་ནས་དམངས་ཡོངས་ཀྱིས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཐུན་མོང་གི་འདུ་ཤེས་སུ་འགྱུར་བར་བྱས།
ཞིང་ཆེན་ཡོངས་ཀྱི་སྔོན་ལ་ནགས་རྩྭའི་ལམ་ལུགས་ལག་བསྟར་བྱས། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་སྤྱིའི་ནགས་དཔོན་དང་རྩྭ་དཔོན་གྱི་འགན་ཁུར་བ་དང་། ནགས་དཔོན་རྩྭ་དཔོན་སུམ་བརྒྱ་ལྔ་བཅུ་དང་ནགས་དཔོན་རྩྭ་དཔོན་གྱི་ལག་རོགས་པ་བཅོ་ལྔ། སྐྱེ་ཁམས་ནགས་སྲུང་པ་བརྒྱད་བརྒྱ་ང་བདུན་གྱིས་འགན་སྒྲུབ་ནན་མོ་བྱས་ནས་ལོ་རེར་ནགས་རྩྭར་སྐོར་ཞིབ་ཐེངས་བཞི་བརྒྱ་ལྷག་བྱས་པ་དང་། ནགས་སྲུང་པས་འགན་སྒྲུབ་བྱས་ཚད་བརྒྱ་ཆའི་གོ་བརྒྱད་ཀྱི་ཡན་ལ་སྲུང་འཛིན་བྱས། ལོ་ལྔའི་རིང་ལ། སྤྱི་ཆིངས་ཞེ་ལྔ་ལྷག་གི་ནགས་ས་རུ་དོ་སྲུང་བྱ་བ་ཕྱོགས་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས་པ་དང་། སྤྱི་ཕན་ནགས་དོ་སྲུང་བྱེད་ཚད་བརྒྱ་ཆའི་བརྒྱ་ལ་སླེབས། དེང་རབས་ཅན་གྱི་བྱེད་ཐབས་རྒྱ་ཆེར་བཀོལ་སྤྱོད་བྱས་པ་བརྒྱུད་དེ་སྐྱེ་ཁམས་ཚོར་ཤེས་དྲ་རྒྱ་ཐོག་མར་གྲུབ་པར་བྱས་ནས་ནགས་རྩྭའི་ཐོན་ཁུངས་ལ་འགུལ་རྣམ་དོ་དམ་ནན་མོ་བྱེད་པ་མངོན་འགྱུར་བྱས།