ཟླ1ཚེས9ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། ཞིང་ཆེན་ཏང་ཨུའི་བླང་བྱ་དངོས་འབེབས་དང་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་བསྒྱུར་བ་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་སྟེང2025ལོའི་ཟླ12པའི་ཚེས25ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ལོ་གསར་ཇ་སྟོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་2026ལོའི་ལོ་གསར་ཤིས་ཚིག་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཚད་གཞི་སྔར་ལས་མཐོ་བའི་སྒོ་ནས་སྲིད་གཞུང་ཁོངས་གཏོགས་ཀྱིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་ནས་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཧུར་ཐག་གིས་བསྐྲུན་དགོས། ནུས་ཤུགས་ཡོད་རྒུས་རང་ཞིང་གི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་པར་ཁག་ཐེག་བྱས་ཏེ། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་གཏོང་བ་དང་གྲངས་ཚད་ལུགས་མཐུན་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས། སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་ཚོར་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་ནན་གྱིས་བསྟན། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་ཞིང་སྡེའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཞིང་ལས་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། འབྲུ་རིགས་ཐོན་སྐྱེད་དམ་འཛིན་ལྷོད་མེད་བྱེད་པ། གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ། གནས་སྡོད་ལ་འཚམ་པའི་འཆམ་མཛེས་གྲོང་གསེབ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་བསྐྲུན་པར་དམིགས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་ཏན་ཏིག་བཏང་ནས། རང་ཞིང་གི“ཞིང་གསུམ”བྱ་བའི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས་པ་ནན་གྱིས་བསྟན། ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་སྟེང《སྲིད་གཞུང་བྱ་བའི་སྙན་ཞུའི(ཞིབ་བཤེར་མ་ཡིག)》དང་། 《མཚོ་སྔོན་ཞིང་ཆེན་གྱི2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གྱི་གནས་ཚུལ་དང2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུའི(ཞིབ་བཤེར་མ་ཡིག)》《མཚོ་སྔོན་ཞིང་ཆེན་གྱི2025ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2026ལོའི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུའི(ཞིབ་བཤེར་མ་ཡིག)》བཅས་ལ་གྲོས་ཞིབ་བྱས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རེ་རེ་ནི། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ལག་བསྟར་ནན་ཏན་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་མཐའ་གཅིག་ཏུ་དངོས་འབེབས་བྱས་ནས། སྙན་ཞུ་ཡག་ཐོག་ཡག་བརྩེགས་ཀྱིས་འཐུས་ཚང་དུ་བཏང་སྟེ། གྲུབ་འབྲས་ཕྱོགས་བསྡོམས་ཆ་ཚང་བ་དང་། གཏན་འཁེལ་དམིགས་འབེན་ཚན་རིག་དང་མཐུན་ཞིང་ལུགས་མཐུན་ཡིན་པ། སྲིད་ཇུས་དང་བྱེད་ཐབས་དངོས་སྒྲུབ་དང་ལག་བསྟར་བྱེད་ཐུབ་པ། རྗོད་བྱེད་ཀྱི་ཚིག་བབ་ཆགས་ཤིང་དོན་འདུས་པ་བཅས་བྱས་ཏེ། སྙན་ཞུ་དེ་མི་དམངས་ཀྱི་རེ་སྒུག་དང་བསྟུན་པ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་ལས་བསྐྱེད་པ། འབད་བརྩོན་གྱི་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས་པ་ནན་གྱིས་བསྟན། གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།