གྲང་ངར་ཆེ་བའི་དགུན་དུས་ཀྱི་མཚོ་སྔོན་དུ། འཚོ་བའི་སྣང་བརྙན་རེ་རེ་གྲོང་ཁྱེར་གྱི་ཁྲོམ་གཞུང་ཀུན་ཏུ་མཛེས་ལྗོངས་ཀྱི་རི་མོར་བཀོད་པ་དང་མཚུངས། གཙང་གསུམ་མགོ་ཁུངས་གངས་ཀྱིས་གཡོག་པ་དང་སྤང་ལྗོངས་ཐམས་ཅད་དངུལ་དཀར་གྱིས་རྒྱན་འདུག་ལ། མཐོང་ཡངས་པའི་ནམ་མཁའ་ཡང་གྲང་ལྷག་ངར་ཁ་དེ་ལས་གཡོལ་ཐུབ་མེད་པར་གྱུར་ནའང་། མཐོ་སྒང་གི་ས་གཞི་ཆེ་མོས་མི་སེམས་འགུལ་བའི་བརྩེ་བ་རུམ་གང་ཉར་ཡོད།
ཤེས་དཔལ་གྱི་སློབ་སྟོན་ལས་གནས་སྟེང་། དང་བླངས་པ་ཚོས་འཛུམ་མདངས་འཕྱུར་བཞིན་མི་དང་རླངས་འཁོར་ལ་ཁྲིད་སྟོན་བྱས་ཏེ་སྟོད་ཐུང་དམར་པོ་དེ་གྲང་རླུང་ཁྲོད་ཀྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད།སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སུ་དགའ་སྤྲོའི་དགོད་སྒྲས་ཁེངས། ང་རྒན་རྒོན་དབྱིན་ཧྥ་མཉམ་དུ་བསྡད་དེ་ཁ་པར་སྤྱོད་པ་དང་། ཕྲུ་གུ་ཚོས“ཆུ་ཚོད་བཞི་དང་ཕྱེད་ཀའི་སློབ་ཁང”དུ་རི་མོ་འབྲི་བ་དང་ཞབས་བྲོ་འཁྲབ་བཞིན་ཡོད།གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དུ་ཆུ་མགོ་སྲུང་སྐྱོང་བྱེད་པའི་ཤེས་དཔལ་འདུ་ཤེས་མི་སེམས་སུ་ཟུག་པ་དང་རྒྱུན་གཏན་དང་མཉམ་འདྲེས་ཐུབ་ནས་འབྲོག་པ་རྣམས་སྣོད་བཅུད་ཤེས་དཔལ་ལག་ལེན་ནང་ཞུགས་མཁན་དང་ཕན་པ་ཐོབ་མཁན་དུ་གྱུར་ཡོད།རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་གྲོང་ཁྱེར་རོང་བོ་གྲོང་རྡལ་སེང་གེ་གཤོང་སྡེ་བར་བོད་རིགས་དང་།ཧོར་རིགས།ཧུའེ་རིགས།སོག་རིགས་སོགས་མི་རིགས་མི་འདྲ་བའི་ལག་ཤེས་སྒྱུ་རྩལ་པས“ཤེས་དཔལ་སྲོལ་གསར”དང“མི་རིགས་མཐུན་སྒྲིལ”གྱི་ཐང་གའི་འཚེམ་དྲུབ་ལ་བྲེལ་ནས་སྲོལ་རྒྱུན་སྒྱུ་རྩལ་དེ་ཤེས་དཔལ་བརྒྱུད་སྤེལ་གྱི་གཞི་རྟེན་དུ་གྱུར།
ཉམ་ཆུང་མི་ལ་དབང་འབྱོར་དཀའ། སྟོབས་མེད་རྒྱལ་ཁབ་མངའ་བརྙེས་དཀའ། །“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ཡི་ཚུན་མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་བསམ་པའི་དཔལ་ཡོན་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བསམ་པའི་དཔལ་ཡོན་འཛུགས་སྐྱོང་དང་སྣོད་བཅུད་སྲུང་སྐྱོང་དང་།གྲོང་གསེབ་དར་རྒྱས།མི་རིགས་མཐུན་སྒྲིལ་སོགས་ལྟེ་བའི་ལས་དོན་མཉམ་འདྲེས་གཏིང་ཟབ་བྱས་ཏེ་རྩེ་རིམ་ཇུས་འགོད་ནས་གཞི་རིམ་གྱི་ལག་ལེན་བར།དཔེ་མཚོན་གྱི་སྣེ་ཁྲིད་ནས་དམངས་ཡོངས་ཞུགས་པའི་བར་དང་། འཐབ་ས་འཛུགས་སྐྱོང་ནས་གྲངས་གཞིའི་ནུས་པ་འདོན་པའི་བར་དུ་བཟང་བཀུར་དགེ་ཕྱོགས་དང་། དཔལ་ཡོན་དང་འཆམ་མཐུན་གྱི་ས་མཐོའི་རི་མོ་ཞིག་བྲིས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་གོང་འཕེལ་སྤུས་ཀ་དག་པའི་གོང་འཕེལ་ལ་རྒྱུན་ཆད་མེད་པར་བསམ་པའི་སྒུལ་ཤུགས་བསྣན་ཡོད།
ཤེས་དཔལ་ལག་ལེན།གཞི་རིམ་དུ་གཞི་ཚུགས་པའི་ཞབས་ཞུས་དམངས་སེམས་ལ་འཇགས་པ།
ཉེ་དུས་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སུ་མི་ཚོགས་ཀྱིས་ཁེངས་ཤིང་།རྣམ་པ་གསར་པའི་ཡུལ་སྲོལ་གོམས་གཤིས་སྒྲོག་འགྲེལ་བྱེད་སྒོ་ཞིག་རྨ་ཙོང་ཀོ་བརྙན་ཚོམས་ཆེན་དུ་འཁྲུག་ཆ་དོད་པའི་ངང་སྤེལ་བ་རེད།འཁྲབ་ཚན་མདུན་དུ་མི་སྣ་རེ་རེ་བཞིན་ཀོ་བརྙན་སྒྱུ་རྩལ་པའི་ཚོད་འཛིན་འོག་གསོན་ཉམས་ལྡན་པ་དང་གསོན་ཉམས་དོད་པོ་ཡོད།དེ་རྗེས་རྨ་ཆུ་དང་ཙོང་ཆུའི་ཀོ་བརྙན་ཟློས་གར་གྱི་རྒྱུན་འཛིན་པ་རིག་གནས་དང་བླངས་པ་ལི་ཚའེ་ཐིང་དང་ཀོ་བརྙན་སྒྱུ་རྩལ་པ་སོ་སོས་ལས་འགན་འཁུར་བ་དང་།འཐེན་པ།དཀྲོལ་བ།གཞས་གཏོང་བ་བཅས་ཀྱི་གཞོགས་འདེགས་མ་གྲོས་གཅིག་མཐུན་གྱིས་རོལ་དབྱངས་དཀྲོལ་བའི་སློབ་གསོ་གཏོང་བའི་ཤེས་དཔལ་ལག་ལེན་བྱེད་སྒོ་གསར་པར་མང་ཚོགས་ཀྱིས་དགའ་པོ་བྱེད་བཞིན་ཡོད།
“སྒྲོག་འགྲེལ་བྱེད་སྟངས་དེ་རིགས་ང་ཚོས་ཉན་འདོད་ཡོད་ལ་གོ་བ་ལེན་ཐུབ་ལ་བློ་ལ་ངེས་བཞིན་ཡོད། ལོ་དེ་དག་ནང་ང་ཚོའི་ཕ་ཡུལ་མཛེས་སྡུག་ལྡན་པ་དང་མི་སེར་ཕྱུག་པོ་ཆགས་ཡོད་པས་ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཅེས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཁྱི་འབྲི་ཤང་གི་འབྲོག་པ་མང་ཚོགས་རྒྱལ་མཚན་གྱིས་བཤད།སྟོན་དུས་སུ“བུད་མེད་རྟ་ཐོག་སྒྲོག་འགྲེལ་རུ་ཁག”གི་རུ་མི་ཚོས་རྨ་ཆེན་ཤང་གི་རྩྭ་ཐང་དང་དུད་ཚང་དུ་བསྐྱོད་དེ་འབྲོག་པ་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་པ་དང་།སྐད་ཆ་ཤོད་རེས་ཀྱི་རྣམ་པ་བརྒྱུད་མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆའི་ཐོག་ནས་ཕྱོགས་ཡོངས་དང་ཞིབ་ཚགས་ཀྱི་སྒོ་ནས་འགྲེལ་བཤད་བརྒྱབ་སྟེ་སྨན་བཅོས་རྒན་གསོ་ནས་དམངས་ཕན་གྱི་སྲིད་ཇུས་ཁག་དང་།མི་རིགས་མཐུན་སྒྲིལ་ནས་གྲོང་གསེབ་དར་རྒྱས་བར་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་གི་དྲིལ་སྒྲོག་སྒྲོག་འགྲེལ་གྱི“མཐའ་མའི་སྤྱི་ལེ་གཅིག”དེ་བཏོད་ཡོད།
རྣམ་པ་དེ་རིགས་ནི་མཚོ་སྔོན་གྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ཡི་ཤེས་དཔལ་ལག་ལེན་ལ་བརྟེན་ནས་བྱུང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།ལོ་ལྔའི་རིང་མཚོ་སྔོན་ཞིང་ཆེན་གྱིས་འཐབ་ས་འཛུགས་སྐྲུན་བྱ་རྒྱུ་རྨང་གཞིར་བྱས། རིམ་རྩིས་བྱས་ན་ཀྲུང་དབྱང་གི་ཁ་གསབ་མ་དངུལ་སྒོར་ཁྲི་5903བཏང་ནས་རྫོང་དང་།ཤང་།སྡེ་བ་བཅས་རིམ་པ་གསུམ་གྱི་ཤེས་དཔལ་ལག་ལེན་ལྟེ་གནས་45དང་།ལག་ལེན་ཁང(ས་ཚིགས)5070བསྐྲུན་པས་ཁྱོན་ཡོངས་ལ་ཁྱབ་པ་དང་ཆབས་ཅིག་ལག་ལེན་ས་ཚིགས་དང་།ལས་གནས།རྟེན་གཞི་བཅས་3212རྒྱ་ཆེར་བཏང་སྟེ“འཕྲེད་ཕྱོགས་མཐའ་མཚམས་དང་གཞུང་ཕྱོགས་མཐའ་འཁྱོལ་བའི”ཞབས་ཞུའི་དྲ་བ་ཞིག་བཏོད་ཡོད།གྲོང་ཁྱེར་སྡེ་ཁུལ་གྱི“མི་སེར་གྱི་སྐད་ཆའི་བར་ཁྱམས”ནས་རྩྭ་ཐང་འབྲོག་ཁུལ་གྱི་སྒུལ་བདེའི་སྒྲོག་འགྲེལ་རུ་ཁག་བར་གཞི་རིམ་དུ་གཞི་ཚུགས་པའི་གཡུལ་ས་དེ་དག་ཏང་སེམས་དང་དམངས་སེམས་སྦྲེལ་མཐུད་བྱེད་པའི་འབྲེལ་ཟམ་ཞིག་ཏུ་འགྱུར་བཞིན་ཡོད།
དཔྱིད་གསར་དུས་ཆེན་དང་།རྒྱ་ལོའི་སྨོན་ལམ། དྭངས་གསལ་དུས་ཆེན།ལྔ་པའི་ཚེས་ལྔའི་དུས་ཆེན།བདུན་པའི་ཚེས་བདུན་གྱི་དུས་ཆེན།ཟླ་མཆོད་དུས་ཆེན།དགུ་པའི་ཚེས་དགུའི་དུས་ཆེན་སོགས་སྲོལ་རྒྱུན་དུས་ཆེན་ལ་དམིགས་ནས་མཚོ་སྔོན་གྱི་ས་གནས་ཁག་གིས་དུས་ཆེན་ནང་འདུས་པའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་དུས་རབས་ཀྱི་བླང་བྱ་གསར་པ་དང་ཟུང་འབྲེལ་བྱས་ཏེ“མཛེས་སྡུག་ལྡན་པའི་མཚོ་སྔོན”ཞེས་པའི་རིག་རྩལ་རྟ་དམག་ཆུང་གྲས་དང་།“རྨ་ཆུ་དང་ཙོང་ཆུའི་དཔེ་ཀློག་ཚོགས་འདུ”“མཛེས་སྡུག་ལྡན་པའི་རྩྭ་ཐང་དང་ངའི་ཁྱིམ་ཚང”སོགས་སྤུས་རྟགས་བྱེད་སྒོར་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།
ཟི་ལིང་གྲོང་ཁྱེར་གྲོང་དབུས་ཀྱི་ལྷོ་ཐང་ཁྲོམ་གཞུང་ཤིན་ཆིང་སྡེ་ཁུལ་གྱི་དང་བླངས་ཞབས་ཞུའི་ཚོགས་ཆུང་17གྱིས་སྲིད་ཇུས་སྒྲོག་འགྲེལ་དང་།སྒོ་རྩར་སློབ་སྦྱོང་བྱེད་པ།སྣོད་བཅུད་སྲུང་སྐྱོང་།དབང་པོ་སྐྱོན་ཅན་ལ་རོགས་རམ་དང་རྒུད་སྐྱོབ་བྱེད་པ་སོགས་དང་བླངས་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་རྒྱུན་རྣམ་ཅན་དུ་སྤེལ་ནས“ཁྱིམ་མཚེས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་།ཏང་དང་མང་ཚོགས་གཅིག་སེམས་གཅིག་སྦྲེལ”གྱི་བཅོས་སྐྱོང་ཞབས་ཞུའི་རྣམ་པ་ཞིག་ཆགས་པ།མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་ཆི་ལི་ཏེན་སྡེ་ཁུལ་གྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་འཐབ་སར་བྱས་ནས་སྡེ་ཁུལ་གྱི“ལོ་རྒན་སློབ་གྲྭ”བསྐྲུན་པ་དང་རིག་གནས་སྒྱུ་རྩལ་དང་འཚོ་བའི་རྩལ་ནུས་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ཏེ“རྒན་གསོ”དེ“རྒན་གསོ”ཞིག་ཏུ་བསྒྱུར།མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་ཤིན་ཡོན་གྲོང་རྡལ་གྲོང་ནུབ་སྡེ་ཁུལ་གྱིས་ཁོངས་གཏོགས་ཁུལ་གྱི་ལོ་5ནས་7བར་གྱི་བྱིས་པར་རིན་མེད་ངང་ཁྱིམ་གྱི་ལས་སྒྲུབ་ཟུར་ཁྲིད་དང་།སྤྲོ་སྣང་འཛིན་གྲྭའི་ཟུར་ཁྲིད།དཔེ་དེབ་ལྟ་ཀློག་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པ་རེད།
ད་ཆ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)དེ་ལྟ་བུ་མཚོ་སྔོན་གྱི་ས་གནས་ཁག་ཏུ་ཁྱབ་པ་དང་ཞི་མཐུན་མི་སེམས་འགུལ་བའི་རྣམ་པ་ཞིག་གིས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་ཤེས་དཔལ་འདེབས་པར་བརྟེན་ནས་ཤུགས་རྐྱེན་ཐེབས་ནས་རིམ་བཞིན་འགྱུར་ལྡོག་འགྲོ་བ་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི“ས་བོན”ཞིག་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ནང་རྩ་བ་ཚུགས་པ་དང་།མྱུ་གུ་འབུས་པ།མེ་ཏོག་བཞད་པ།འབྲས་བུ་ཐོབ་པ་བཅས་བྱུང་ཡོད།
ཤེས་དཔལ་སྐྱེད་སྲིང་། དཔེ་མཚོན་གྱིས་ལམ་འདྲེན་དང་དར་སྲོལ་གསར་པ་བཏོད་ནས་མི་སེམས་བརླན་པ།
“00ལོའི་རྗེས་སུ་སྐྱེས་པའི”སྨན་ཞབས་པ་མ་རུའེ་ཡིས་ཆུར་ལྷུང་བའི་བྱིས་པ་བསྐྱབས་ནས་ཆེད་ལས་སྐྱོབ་ཐབས་བཀོལ་ཏེ་སྨན་པའི་བྱམས་སེམས་དང་མི་གཤིས་ཀྱི་འོད་སྟོང་མངོན་པར་བྱས། དུས་ཚིགས་ལོ24རིང་ཧན་ཧྲོའུ་ཡུང་གིས་ས་བབ་མཐོ་ཚད་སྨི་5000ཡོད་པའི་གངས་ལྗོངས་ས་མཐོ་ནས་ཉེན་སེལ་གེགས་སེལ་གྱི་མདུན་གྲལ་དུ་བརྟན་སྲུང་ལ་བརྟེན་ནས་འགན་འཁྲི་འཁུར་སེམས་གསལ་བཤད་བྱས་ཏེ་ས་མཐོའི་ལམ་བཟོའི་སྙིང་སྟོབས་ཀྱི་ཚད་ཤིང་དུ་གྱུར་པ་དང་།མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བ“སྒྱུག་མོ་ཡག་པོ”དང“མནའ་མ་ཡག་པོ”“ཡ་རབས་ཁྱིམ་ཚང”བཅས་ཀྱི་སྣེ་ཁྲིད་འོག་ཀུན་སྤྱོད་གོང་བཀུར་དང་དགེ་སྒྲུབ་ཀྱི་དར་སྲོལ་དེ་གྲོང་མིའི་སེམས་སུ་ཚུགས་ནས་མྱུ་གུ་འབུས་ཡོད།རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ཟི་ལིང་གློག་འདོན་ཀུང་སིས“གློག་མཛེས་དབྱར་གྲོང”གུང་ཁྲན་ཏང་ཡོན་གྱི་ཞབས་ཞུའི་རུ་ཁག་བཙུགས་ནས་ལོ་བརྒྱད་རིང་སྡོད་ཁང་རྙིང་པ་208ལ་འོད་སྣང་སྦྱིན་ནས“འོད་སྣང”གིས་ཁྱིམ་ཚང་ཁྲི་སྟོང་ལ་འོད་སྣང་སྦྱིན་པ་མ་ཟད།མི་སེམས་ལ་དེ་བས་དྲོ་སྐྱིད་སྦྱིན་ཡོད།
མིག་དཔེ་དེ་དག་ནི་མཚོ་སྔོན་གྱི་གཞི་རིམ་ཚོགས་སྤྱི་ཁག་དང་།མི་རིགས་ཁགལས་རིགས་ཁག་བཅས་ཀྱི་ཁྱབ་ཁོངས་ནས་ཡིན་པ་དང་།ཁོང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས“གཞན་ཕན་སྒྲུབ་པར་དགའ་བ་དང་།བདེན་པའི་རྒྱབ་ལངས་བྱེད་པ།ཟོལ་མེད་ཡིད་རྟོན།ལས་བཀུར་ལེགས་སྐྱེས་འབུལ་བ།རྒན་བཀུར་གཉེན་གཅེས”བཅས་ཀྱི་ལྟེ་བའི་སྤྱོད་བཟང་གསལ་འགྲེལ་བྱས་པ་དེ་ནི་མཚོ་སྔོན་གྱི་བུ་ཕྲུག་ཁྲི་སྟོང་མང་པོའི་ཁྲོད་ཐོག་མའི་བསམ་འདུན་བརྟན་སྲུང་དང་།དྲོ་སྐྱིད་བརྒྱུད་སྤྲོད།ལེགས་སྐྱེས་འབུལ་མཁན་ལ་བརྩི་བཀུར་ཞུ་བ་བཅས་ཀྱི་གསོན་ཉམས་དོད་པའི་མཚོན་བྱེད་ཅིག་རེད།
མིག་དཔེ་ནི་མཐོང་ཐུབ་པའི་གནས་ལུགས་ཡིན་ཞིང་།གང་དུ་མིག་དཔེ་ཡོད་ན་དེར་རྣམ་པ་གསར་པ་ཡོད།“ལོ་ལྔའི་འཆར་མགོད་བཅུ་བཞི་པའི”ཚུན་དུ།མཚོ་སྔོན་ཞིང་ཆེན་གྱིས་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ཏེ།སྔོན་ཐོན་དཔེ་མཚོན་འདེམས་འཛུགས་དང་དྲིལ་བསྒྲགས་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ།ཀུན་སྤྱོད་ལ་བརྩི་མཐོང་དང་དགེ་བའི་ལས་ལ་གཞོལ་བ་དེ་སྤྱི་ཚོགས་ཡོངས་ཀྱི་རང་རྟོགས་དོན་གཉེར་ཞིག་ཏུ་འགྱུར་བ་བྱས་ཏེ།གསོན་ཉམས་ལྡན་པའི་མིག་དཔེའི་གཏམ་རྒྱུད་རེ་རེ་བཞིན་ལ་བརྟེན་ནས་ཡར་ཐོན་དགེ་བའི་ཕྱོགས་སུ་སྐྱོད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ་རེད།
མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་སྔོན་ཐོན་དཔེ་མཚོན་འདེམས་རྒྱུ་དེ་ཤེས་དཔལ་སྐྱེད་སྲིང་གི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས“རྒྱལ་ཡོངས་ཀྱི་མིག་དཔེ་དང་།ཀྲུང་གོའི་མི་བཟང་།མཚོ་སྔོན་གྱི་མིག་དཔེ”བཅས་རིམ་གསུམ་དཔེ་མཚོན་མ་ལག་ཅིག་བཏོད་ཡོད།ལོ་ལྔའི་རིང་ཝུའུ་ཐེན་དབྱི་དང་བན་བདེ་རྒྱལ་མཚན་ལ་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བའི་གཟི་བརྗིད་མཚན་སྙན་ཐོབ་པ་དང་།ཞུས་གོ་ཆང་དང་ཆན་ཅན་ཧྭ་སོགས་མི་16ལ་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བའི་མིང་འདོན་བྱ་དགའ་ཐོབ།མི་128ཀྲུང་གོའི་མི་བཟང་གི་མིང་ཐོར་གཟི་བརྗིད་ལྡན་པའི་ངང་བདམས།རིམ་རྩིས་བྱས་ན་མཚོ་སྔོན་ཞིང་ཆེན་གྱི་ཀུན་སྤྱོད་དཔེ་བཟང་དང་མིང་འདོན་བྱ་དགའ་མི་96དང“མཚོ་སྔོན་གྱི་མི་བཟང”123དཔྱད་འདེམས་བྱས་པ་རེད།དེ་དང་ཆབས་ཅིག་གུས་ལུགས་རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱས་ཏེ་སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་ལ་བརྩི་མཐོང་དང་དགེ་བར་ཕྱོགས་པའི་རྣམ་པ་ཟབ་མོ་ཞིག་གཏོད་དགོས།
གོམས་སྲོལ་བསྒྱུར་རྒྱུ་ནི་ཤེས་དཔལ་སྐྱེད་སྲིང་གི་ནང་དོན་གལ་ཆེན་ཞིག་ཡིན།མཚོ་སྔོན་གྱི་སྲིད་འཛིན་སྡེ་བ་4149དང་སྡེ་ཁུལ་515ཡིས་གྲོང་སྲོལ་དམངས་ཆིངས་དང་གྲོང་མིའི་སྤྱི་ཆིངས་ཡོངས་ཁྱབ་ཏུ་བཟོས་པ་དང་།རྫོང་དང་།གྲོང་ཁྱེར།ཆུས་བཅས་28ཀྱིས་གོམས་སྲོལ་བསྒྱུར་བའི་ཕུལ་བྱུང་དཔེ་བཟང་བཏོན་ཡོད།ཟི་ལིང་གྲོང་ཁྱེར་གྲོང་ཤར་ཆུས་མཐུན་སྒྲིལ་སྡེ་བས“ཇ་གཅིག་དང་དཀར་ཡོལ་གཉིས”ཀྱི་མགྲོན་པོར་སྣེ་ལེན་བྱེད་སྟངས་ཁྱབ་གདལ་གཏོང་བ་དང་།“ཚོད་འཛིན་གསུམ”གྱི་དོ་དམ་ལམ་ལུགས་འཛུགས་པ།དཀར་དམར་ལས་འཛིན་ལྷན་ཚོགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བརྒྱུད་གཤིན་པོ་དུར་འཇུག་གི་གོམས་སྲོལ་དེ་ཤེས་དཔལ་དང་།སྟབས་བདེ།སྣོད་བཅུད་བཅས་ཀྱི་ཕྱོགས་སུ་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་།མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་ཧ་ལ་ཀྲི་ཀོའུ་ཤང་གིས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་སྲི་ཞུ་དང་ཏའོ་ལུགས་སོགས་གཞས་མ་གཏམ་གྱི་རྣམ་པའི་ཐོག་ནས་རྣམ་པ་སྣ་ཚོགས་ཀྱི་གོམས་སྲོལ་སྒྱུར་བའི་དྲིལ་བསྒྲགས་རྒྱ་ཁྱབ་ངང་སྤེལ་ཏེ་གྲོང་གསེབ་གསར་པ་དང་འཚོ་བ་གསར་པའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ཡོད།མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་སྟག་ཡུལ་ཝུའུ་ཀུའུ་སྡེ་བར་མི་བཟང་དོན་བཟང་དང་དང་བླངས་ཞབས་ཞུའི་དུས་ཚོད་སྐར་མ་གསོག་པའི་དོ་དམ་ནང་བཅུག་ནས་དང་བླངས་ཞབས་ཞུའི་དཔུང་ཁག་མུ་མཐུད་སྟོབས་ཆེར་བཏང་ཡོད།
ལོ་ཆུང་གཞོན་ནུ་ནི་རྒྱལ་ཁབ་ཀྱི་མ་འོངས་པ་དང་མི་རིགས་ཀྱི་རེ་བ་ཡིན།“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ཚུན་དུ་མཚོ་སྔོན་གྱི་ས་གནས་ཁག་གིས་ཀུན་སྤྱོད་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་ན་སོ་དར་ལ་མ་བབས་པའི་བྱིས་པས་མེས་རྒྱལ་གྱི་མཛེས་ལྗོངས་བཟང་པོ་དང་།མི་རིགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པ།གསར་བརྗེའི་སྲོལ་རྒྱུན་བཟང་པོ་དང་དུས་རབས་གསར་པའི་རླབས་ཆེན་གྲུབ་འབྲས་བཅས་གང་ལེགས་ཚོར་ཐུབ་པ་བྱས་ནས་ཀུན་སྤྱོད་ཀྱི་འདུ་ཤེས་ཟབ་ཏུ་བཏང་ཡོད།
“དེ་སྔ་ཁྲོམ་གཞུང་དུ་བསྐྱོད་ན་གང་སར་གད་སྙིགས་ཀྱིས་ཁེངས་བཞིན་ཡོད།ད་ཆ་གང་དུ་བསྐྱོད་ཀྱང་གཙང་སྦྲ་དོད་ལ་སེམས་ཁམས་ཀྱང་ཡག་ཏུ་ཕྱིན་འདུག”ན་གོར་མོའི་གྲོང་མི་ཝང་ཅན་ཅུན་གྱིས་མྱོང་ཚོར་ཟབ་མོ་བྱུང་བ་ལས་མྱ་ངམ་ཐང་གི་གྲོང་ཁྱེར་ཆུང་ངུ་དེའི་ཤེས་དཔལ་གྱི་འགྱུར་ལྡོག་མཚོན་ཡོད།2025ལོར་ན་གོར་མོ་གྲོང་ཁྱེར་སྐབས་གསར་པའི་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་ནང་བདམས་པ་དང་ཟི་ལིང་གྲོང་ཁྱེར་དང་ཡུལ་ཤུལ་གྲོང་ཁྱེར་གྱི་རྗེས་སུ་མཚོ་སྔོན་གྲོང་ཁྱེར་གྱི་ཤེས་དཔལ་གཏོད་པའི་ཚད་བརྒལ་གསར་པ་བྱུང་ནས་གྲོང་ཁྱེར”དེར་ཤེས་དཔལ་གྱི་ནང་དོན་ཟབ་མོ་བསྣན་ཡོད་པ་རེད།
སྡོད་ཁུལ་རྙིང་པ་སྐྱིད་སྣང་དོད་པ་དང་།ཁྲོམ་གཞུང་གཙང་ཞིང་གྲལ་འགྲིག་པ།ཉོ་ཚོང་ཁྲོམ་རའི་སྒྲིག་ལམ་གོ་རིམ་ལྡན་པ་སོགས་གོར་མོ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་རྒྱུ་གོ་སྐབས་སུ་བྱས་ནས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་གསར་བརྗེ་དང་སྤྱི་པའི་འགྲིམ་འགྲུལ་སྒྲིག་བཀོད་ལེགས་སུ་བཏང་བས་གྲོང་ཁྱེར་གྱི་ཁོར་ཡུག་བཅོས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་།གྲོང་མིའི་འཚོ་བའི་ཁོར་ཡུག་ཇེ་ལེགས་དང་།གྲོང་མིའི་བདེ་སྐྱིད་སྟོན་གྲངས་མང་དུ་ཕྱིན་པས།ན་གོར་མོའི་གྲོང་ཁྱེར་གསར་གཏོད་ཀྱིལམ་ནི་མཚོ་སྔོན་གྱི་དཔལ་ཡོན་སྤུས་ཚད་རིམ་སྤར་ཀྱི་སྒུལ་ནུས་ཤིག་ཡིན།
གྲོང་ཁྱེར་གྱི་ཤེས་དཔལ་དུས་ཆེན་འཕར་བ་དང་གྲོང་གསེབ་ཀྱི་ཤེས་དཔལ་ལའང་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་པན་ཡན་སྡེ་བར་སྐྱོད་སྐབས་རིག་གནས་ཐང་ཆེན་ཐོག་གྲོང་མི་ཚོས་ཨན་ཀྲའོ་ཞབས་བྲོ་འཁྲབ་པ་དང་ཤེས་དཔལ་ལག་ལེན་ས་ཚིགས་སུ་འཚེམ་དྲུབ་རྒྱག་མཁན་ལས་ལ་བྲེལ་བཞིན་ཡོད་པ་དང་དཔེ་སྟོན་དུད་ཚང་གི་སྒོ་འགྲམ་དུ“སྐར་རིམ་ཤེས་དཔལ་དུད་ཚང”གི་སྒོ་བྱང་བཀལ་ཡོད།པན་ཡན་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲུང་ཀོན་དབྱིན་པའོ་ཡིས“ང་ཚོས‘སྐར་གསོག་ལམ་ལུགས’ཀྱི་དོ་དམ་བརྒྱུད་ཤེས་དཔལ་བྱ་སྤྱོད་དེ‘མཐོང་ཐུབ་པའི་སྐར་གྲངས’སུ་འགྱུར་བ་བྱས་ཡོད།ད་ཆ་གྲོང་མི་ཚོ་འཕྲོད་བསྟེན་དང་།སྲི་ཞུ།མཐུན་སྒྲིལ་བཅས་ལས་གྲོང་གསེབ་ཀྱི་དར་སྲོལ་ཇེ་ལེགས་སུ་འགྲོ་བཞིན་ཡོད”ཅེས་བཤད།
“ལོ་ལྔའི་འཆར་མགོད་བཅུ་བཞི་པ”ནས་བཟུང་མཚོ་སྔོན་གྱི་ཤེས་དཔལ་གཏོད་པར“གནས་མང་པོར་མེ་ཏོག་བཞད་པ་དང་ས་ཁོངས་ཧྲིལ་པོར་སྐུལ་འདེད་གཏོང་བའི”རྣམ་པ་བཟང་པོ་མངོན་ཡོད།རྟ་ཐང་རྫོང་དང་གཅན་ཚ་རྫོང་སོགས་གྲོང་ཁྱེར་10རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གྱི་མིང་འདོན་གྲོང་ཁྱེར་དུ་གཏན་འཁེལ་བྱས་པ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲོག་ཁུལ་དུ་ཁྱབ་པ་དང་གྲངས་འབོར་བརྟན་པོའི་ངང་འཕར་རྒྱུའི་མིང་འདོན་བྱས་པ་རེད། མཚོ་སྔོན་གྱི་རྒྱལ་ཡོངས་ཤེས་དཔལ་གྲོང་རྡལ་དང་།ཚན་པ།ཁྱིམ་ཚང་།སློབ་གྲྭ་བཅས་ཀྱི་གྲངས་འབོར་ཆེས་ཆེར་འཕར་བ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་དང་སྤྱི་པའི་སྒྲིག་ལམ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ།སྤྱི་ཚོགས་ཀྱི་ཤེས་དཔལ་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
ཤེས་དཔལ་གསར་གཏོད་བྱས་པ་ལས་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བ་མ་ཟད།མང་ཚོགས་ཀྱི་ཤེས་དཔལ་བྱང་ཚད་མཐོ་རུ་ཕྱིན།ཟི་ལིང་གྲོང་ཁྱེར་དུ“རླངས་འཁོར་གྱིས་མི་ལ་སྒུག་པ་དང་། མིས་སྒྲིག་ལམ་སྲུང་བ”དེ་རིམ་བཞིན་གྲོང་ཁྱེར་གྱི་རང་རྟོགས་སུ་གྱུར་ནས་མི་བགྲོད་ལམ་ཁར་གང་སར་མཐོང་རྒྱུ་ཡོད།མཚོ་ཤར་གྲོང་ཁྱེར་དུ“སྡེར་གཙང་བྱ་སྤྱོད”དེ་བཟའ་བཏུང་གི་དར་སྲོལ་གསར་པར་གྱུར་པ་དང་ཨར་ཁང་དང་ཟ་ཁང་གི་གྲོན་ཆུང་སྦྱར་ཡིག་དེ་མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་དུ་བསྒྱུར་ཡོད།མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱ་མདོ་ཧུད་རིགས་རང་སྐྱོང་རྫོང་དབྱིན་ཐེན་ཤང་ཏ་ཀོའུ་ཀླད་སྡེ་བས“གྲོང་མིས་དོན་དག་བཤད”ཅེས་པ་ལག་བསྟར་བྱས་ཏེ། ་འགལ་བ་དང་རྩོད་གཞི་གྲལ་བཤེར་དང་།ཁྲིམས་སྐྱོང་དྲིལ་བསྒྲགས།གོམས་སྲོལ་སྒྱུར་བ་སོགས་ཀྱི་ནང་དོན་ནང་བཅུག་སྟེ་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་པ་སོགས་ཀྱི་འགྱུར་ལྡོག་ཕྲན་བུ་དེ་དག་ལས་མཚོ་སྔོན་གྱི་ཤེས་དཔལ་ཡར་ཐོན་གྱི་ལམ་བུ་གསལ་པོ་ཞིག་ཐུན་མོང་ཐོག་བཏོད་ཡོད་པ་རེད།
གསར་སྐྲུན་ནམ་ཡང་ལམ་དུ་ཡོད་པ་དང་ཤེས་དཔལ་ནམ་ཡང་རྫོགས་མཐའ་མེད།ཤེས་དཔལ་ལག་ལེན་བྱེདཔ་ནས་སྐྱེད་སྲིང་བྱེད་པའི་བར་དང་།གྲོང་ཁྱེར་གྱི་རྣམ་པ་བསྒྱུར་བ་ནས་མང་ཚོགས་ཀྱི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་བ།བསམ་པའི་དཔལ་ཡོན་འཛུགས་སྐྱོང་གིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྫོགས་མཐའ་མེད་པའི་སྒུལ་ཤུགས་བསྣན་ནས་ས་མཐོའི་ས་གཞི་ཆེ་མོར་དེ་བས་འོད་སྟོང་འཕྲོ་བའི་ཤེས་དཔལ་གྱི་ལེའུ་ཞིག་བརྩམས་ཡོད།