ཟླ12ཚེས17ཉིན་མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ད་ལོ་ནས་བཟུང་། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ནན་ཏན་སྒོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། ཁེ་ལས་དང་འབྲེལ་བ་ཡོད་པའི་དངུལ་བསྡུའི་བཅོས་སྐྱོང་དམ་འཛིན་བྱས་ནས། ཐབས་མང་མཉམ་སྤྱོད་ཀྱིས་ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་བཏང་སྟེ་འདྲ་མཉམ་དང་གོ་རིམ་ལྡན་པའི་ཁྲོམ་རའི་སྒྲིག་ལམ་ལ་སྲུང་སྐྱོང་ནུས་ལྡན་བྱས་པ་དང། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།
རང་ཞིང་གིས་ཁེ་ལས་དང་འབྲེལ་བའི་དངུལ་བསྡུའི་བཅོས་སྐྱོང་གི་ཡུན་ཕན་ལམ་སྲོལ་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་བ་དང་། འགུལ་རྣམ་ལེགས་སྒྲིག་གི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་འཐུས་ཚང་དུ་བཏང་ནས། སྡེ་ཁག་གི་མཐུན་སྦྱོར་ལ་ཤུགས་སྣོན་བྱས། ཞིང་ཆེན་ཡོངས་ཀྱི་ཆུ་གློག་རླངས་གསུམ་ཁེ་ལས་གྱིས་སྡོད་དམངས་ཀྱི་ཆུ་གློག་རླངས་གསུམ་གྱི་རིན་གོང་དང་དངུལ་བསྡུའི་གནས་ཚུལ་ལ་བརྟག་དཔྱད་བྱས་ཏེ། བྱ་བའི་རྩིས་ཁྲ་བཟོས་ནས<<ཆུ་གློག་རླངས་གསུམ་ལས་རིགས་ཀྱི་སྒྲིག་འགལ་དངུལ་བསྡུའི་གནད་དོན་དང་ལྟ་སྐུལ་དོ་དམ་གྱི་མཛུབ་ཁྲིད>>ཅེས་པ་པར་འགྲེམས་བྱས་ནས། ས་གནས་ཁག་གིས་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་དང་དམིགས་གཏད་རང་བཞིན་གྱི་བཅོས་སྐྱོང་ལ་མཛུབ་ཁྲིད་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རྒྱལ་ཡོངས་སུ་སྔོན་ལ་ཞིང་ཆེན་རིམ་པའི་ཁེ་ལས་དང་འབྲེལ་བའི་དངུལ་བསྡུའི་བཅོས་སྐྱོང་གི་ཡུན་ཕན་ལམ་སྲོལ་གྱི་མ་ལག་བཙུགས་པའི་རྨང་གཞིའི་སྟེང་། ཞིང་ཆེན་ཡོངས་ཀྱི་ཁེ་ལས་དང་འབྲེལ་བའི་དངུལ་བསྡུའི་དཀར་ཆག་གི་གསལ་ཐོའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་གསར་འཛུགས་བྱས་པར་མ་ཟད། གསལ་ཐོའི་ནང་མི་འདུས་པའི་གྲོན་དངུལ་གཅིག་ཀྱང་བསྡུ་མི་ཆོག་པ་ལག་བསྟར་ནན་པོ་བྱས་ནས་དངུལ་བསྡུའི་བྱ་སྤྱོད་ཚད་ལྡན་དུ་བཏང་ཡོད། <<མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་དང་ལས་དོན་རང་བཞིན་གྱི་དངུལ་བསྡུའི་དཀར་ཆག་གསལ་ཐོ>>དང<<མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་རིན་གོང་གི་གཉེར་སྐྱོང་ཞབས་ཞུའི་རང་བཞིན་གྱི་དངུལ་བསྡུའི་དཀར་ཆག་གསལ་ཐོ།>> <<མཚོ་སྔོན་ཞིང་ཆེན་སྲིད་གཞུང་སྡེ་ཁག་གི་ཁེ་ལས་དང་འབྲེལ་བའི་འགན་ལེན་མ་དངུལ་གྱི་དཀར་ཆག་གསལ་ཐོ>>སོགས་དུས་ཐོག་ཏུ་ལེགས་སྒྲིག་བྱས་པར་མ་ཟད། སྤྱི་ཚོགས་སྟེང་ཡོངས་བསྒྲགས་བྱས་ནས་དངུལ་བསྡུའི་སྲིད་ཇུས་ཀྱི་གསལ་ཚད་མཐོ་རུ་བཏང་།
དེ་དང་ཆབས་ཅིག ཁེ་ལས་ཀྱི་དོ་ཁུར་བྱེད་ཡུལ་ལ་དམིགས་ནས། སྲིད་གཞུང་སྡེ་ཁག་དང་དེའི་ཁོངས་གཏོགས་ལས་ཁུངས་ཏེ། ཆུ་གློག་རླངས་གསུམ་མཁོ་འདོན་ཀྱི་སྤྱི་པའི་ལས་དོན་ལས་ཁུངས་སོགས་ཁྱབ་ཁོངས་གཙོ་བོ་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱི་དངུལ་བསྡུའི་བྱ་སྤྱོད་གཅིག་བསྡུས་ཀྱིས་བཅོས་སྐྱོང་ཏན་ཏིག་བྱས། སྒེར་བཙུགས་རྣམ་གྲངས་ཀྱི་དངུལ་བསྡུ་དང་། ཚད་གཞི་ལས་བརྒལ་བའི་དངུལ་བསྡུ། རྣམ་གྲངས་ཁག་བགོས་ཀྱི་གྲོན་དངུལ་བསྐྱར་བསྡུ་བྱེད་པ། གྲོན་དངུལ་ཁོ་ན་བསྡུ་བ་ལས་ཞབས་ཞུ་མི་བྱེད་པའམ་ཞབས་ཞུས་མི་འདང་བ། གྲོན་དངུལ་གཞན་འགེལ་བྱེད་པ་སོགས་ཀྱི་གནད་དོན་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱས། ཟླ12ཚེས5ཉིན་བར་དུ། ཞིང་ཆེན་ཡོངས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཁྱོན་སྡོམ་ཁེ་ལས་དང་འབྲེལ་བའི་དངུལ་བསྡུའི་སྡེ་ཚན408ལ་ཞིབ་བཤེར་བྱས་པ་དང་། ཆུ་གློག་རླངས་གསུམ་ཁྱབ་ཁོངས་ཀྱི་གྲོན་དངུལ་ལྷག་མ་བསྡུས་པའི་སྒོར་ས་ཡ་གཅིག་དང་འབུམ་དགུ་ཁྲི་གསུམ་སྟོང་དགུ་བརྒྱད་བརྒྱ་ཕྱིར་སློག་བྱས་པ་དང་། དངུལ་ཆད་སྒོར་ས་ཡ་གཅིག་འབུམ་གཅིག་ཁྲི་དགུ་སྟོང་གཅིག་དང་བརྒྱ་བཅད་པ་རེད། དངུལ་རྩའི་ཁྱབ་ཁོངས་ཀྱི་རིན་བསྡུའི་བྱ་སྤྱོད་ལ་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་ནས། རིན་གོང་གི་དངུལ་བསྡུའི་བཅོས་སྐྱོང་ལ་ཕྱིར་བལྟ་བྱེད་པ་དང་། དངུལ་རྩའི་ཁེ་ལས་ཀྱིས་རང་བརྟག་རང་བཅོས་བྱེད་པར་སྐུལ་འདེད་དང་ཁྲིད་སྟོན་བྱས་ཏེ། དག་ཐེར་ཡོ་བསྲང་གནད་ལ་འཁེལ་བ་དང་ཚད་ལྡན་ཡོང་བར་འགན་ལེན་ཏན་ཏིག་བྱས།
གཞན་ཡང་ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་གཙོ་བོ་རྩ་འཛུགས་བྱས་ཏེ་འདྲ་མཉམ་ངང་འགྲན་རྩོད་དང་ཁེ་ལས་དང་འབྲེལ་བའི་དངུལ་བསྡུ་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། གནས་ཚུལ་སྤྱི་བསྒྲགས་བྱེད་པ་དང་། གྱོད་དཔེ་དབྱེ་ཞིབ་བྱེད་པ། དཔེ་མཚོན་མཉམ་སྤྱོད་བྱེད་པ། ཆེད་དོན་ཞིབ་བསྡུར་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། ཁེ་ལས་དང་འབྲེལ་འདྲིས་བརྗེ་རེས་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་བར་མ་ཟད། ཐོན་སྐྱེད་གཉེར་སྐྱོང་གི་གོ་རིམ་ཁྲོད་ཁེ་ལས་ལ་འཕྲད་པའི་གནད་དོན་དུས་ཐོག་ཏུ་རྒྱུས་ལོན་བྱས་ནས། བསམ་འཆར་དང་གྲོས་གཞི་ལ་གང་ཐུབ་ཀྱིས་ཉན་པ་དང་། ལྟ་སྐུལ་དོ་དམ་དང་ཞབས་ཞུ་གཉིས་མཉམ་དུ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་ཁེ་ལས་ཀྱིས་སྲིད་ཇུས་འཚོལ་བ་ནས་སྲིད་ཇུས་ཀྱིས་ཁེ་ལས་འཚོལ་བར་ཚུལ་སྒྱུར་བྱས་ཡོད།