རང་ཞིང་གིས་གཡུ་འབྲུག་ལྷ་རྩེའི་རོགས་སྐྱོབ་དཔའ་བོར་གཟེངས་བསྟོད་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

ཟླ་12ཚེས་17ཉིན། མཚོ་སྔོན་ཞིང་ཆེན་རི་འཛེག་མཐུན་ཚོགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་དང་2025ལོའི་ལས་དོན་ཕྱོགས་སྡོམ་ཚོགས་འདུ་འཚོགས་ཤིང་།ཚོགས་འདུའི་ཐོག་ཟླ་9པའི་གཡུ་འབྲུག་ལྷ་རྩེའི་རོགས་སྐྱོབ་བྱ་སྤྱོད་ཁྲོད་མངོན་གསལ་དོད་པའི་ཁྲེང་ཏུའུ་ཁའེ་ཐུའུ་རི་མཐོའི་ཕྱི་རོལ་ལུས་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་དང་།མཚོ་སྔོན་ན་གོར་མོའི་གཡུ་འབྲུག་ལྷ་རྩེའི་སྟག་མོ་མཛེས་ལྗོངས་མྱུལ་དཔྱད་ཀུང་སིའི་ཚན་པ་གཉིས་དང་མི་སྒེར་11ལ་གཟེངས་བསྟོད་བྱས།དེའི་ནང་ལའེ་ཝུན་ཅུན་དང་།ཀྲུང་ཝང་ཧུང་།མ་ཀུའེ་ཁྲེང་།བསོད་ནམས། བསྟན་འཛིན་ཤེས་རབ།དོན་གྲུབ་བཅས་རུ་མི་6གིས་གངས་ལྷགས་བརྒལ་ཏེ་རོགས་སྐྱོབ་བྱས་རྗེས་ལ་སེམས་འགུལ་ཆེན་པོ་ཐེབས་པ་དང་། ཁོང་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་“དཀའ་ཉེན་ལ་མི་སྐྲག་པ་དང་།སྙིང་རུས་ཆེན་པོས་འབད་བརྩོན།མཐུན་སྒྲིལ་མཉམ་ལས།རི་རྩེར་འཛེག་ཕོད་པ་”བཅས་ཀྱི་རི་འཛེག་སྙིང་སྟོབས་ལག་ལེན་བསྟར་བ་རེད།

ཟླ་8ཚེས་31ཉིན་གྱི་དགོང་མོར།ན་གོར་མོའི་119བཀོད་འདོམས་ལྟེ་གནས་ལ་ཉེན་བརྡ་འབྱོར་བ་དང་།གཡུ་འབྲུག་ལྷ་རྩེའི་ས་བབ་མཐོ་ཚད་སྨི་6120ཡོད་པའི་སར་རི་འཛེག་པ་ཞིག་རྫ་དུག་དབང་གིས་ཉེན་ཁར་འཕྲད་ནས་ཚེ་སྲོག་ལ་ཉེན་ཁ་ཡོད།12345སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་གྱིས་མཉམ་འགུལ་མཐུན་སྦྱོར་བྱས་པ་བརྒྱུད་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་ཆེད་ལས་སྟོབས་ཤུགས་ཛ་དྲག་ངང་མཐུན་སྦྱོར་བྱས་པ་དང་།ཁའེ་ཐུའུ་རི་མཐོའི་རྩལ་ཁྲིད་པ་3དང་གཡུ་འབྲུག་ལྷ་རྩེའི་དར་རྒྱས་མྱུལ་དཔྱད་ཀུང་སིའི་ས་གནས་དེ་གའི་བོད་རིགས་སྣེ་ཤན་པ་3ལས་གྲུབ་པའི་མི་6གི་རོགས་སྐྱོབ་རུ་ཁག་ཆུང་ཆུང་དེ་ཟླ་9ཚེས་1ཉིན་གྱི་ཐོ་རེངས་ཆུ་ཚོད་2པར་སྒྲིག་ཆས་སྤྱི་རྒྱ་15ཁུར་ནས་བཀག་སྡོམ་གྱི་གནས་སུ་གྱར་བའི་གཡུ་འབྲུག་ལྷ་རྩེའི་ལྷོ་ངོས་སུ་བསྐྱོད།ལམ་བར་དུ་འགྲོ་ལམ་རྡིབ་པ་དང་རླངས་འཁོར་འདམ་གྱིས་ལྷུང་བ་དང་།མུན་ནག་དང་གངས་ལྷགས་ཁྲོད་རྐང་ཐང་མར་ལམ་བུ་འཚོལ་ཞིབ་བྱས་ཏེ་རི་འཛེག་པ་དང་ཐག་འབེབས་ལག་རྩལ་གྱི་ལས་ཀ་བྱས་པ་བརྒྱུད་ཉིན་དེའི་སྔ་དྲོ་10:36སྒར་སར་འབྱོར་ནས་གསོ་རླུང་མཁོ་འདོན་བྱས་པ་རེད།དེ་རྗེས་ལས་བགོས་མཉམ་ལས་བྱས་ནས་ལྗིད་ཚད་སྤྱི་རྒྱ་100ལས་བརྒལ་བའི་དཀའ་ངལ་ཡོད་པའི་མི་དེ་དཀའ་ཚེགས་ཆེན་པོས་གནས་སྤོ་བྱས་མཐར་སྨན་ཁང་དུ་བསྐྱལ་ནས་འགྲོ་གྲོན་གང་ཡང་མ་བླངས། རུ་མི་མང་པོ་ཞིག་ལའང་རྨས་སྐྱོན་དང་ལུས་ཤུགས་ཚར་ཡང་སྲལ་ལེན་གྱིས་མཇུག་སྐྱོང་ཐུབ་བྱས།

གཟེངས་བསྟོད་ཚོགས་ཆེན་ཐོག་མཚོ་སྔོན་ཞིང་ཆེན་གྱི་དགུན་དུས་རྣམ་གྲངས་དང་ཁང་ཕྱིའི་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་ཁེ་ལས་ཀྱི་འཐུས་མིས་གཟེངས་བསྟོད་ཐོབ་པའི་ཚན་པ་དང་མི་སྒེར་ལ་སྒོར་6000གི་བྱ་དགའི་དངུལ་དང་གཟི་བརྗིད་ལག་ཁྱེར་སྤྲད་པ་དང་།དངོས་སྦྱོང་བྱེད་རིང་གི་གཟེངས་བསྟོད་ཐོབ་མཁན་ལ་མཚོ་སྔོན་ཞིང་ཆེན་རི་འཛེག་མཐུན་ཚོགས་ཀྱིས་ད་དུང་སྔ་སྣུར་དུ་མཚོ་སྔོན་ཞིང་ཆེན་རི་མཐོའི་མཐུན་ཚོགས་ཀྱིས་བདེན་དཔང་བྱས་ཡོད།“རོགས་སྐྱོབ་མི་སྣ་དེ་དག་གིས་ཁོར་ཡུག་ཧ་ཅང་ཞན་པའི་འོག་དཔའ་ངར་ཆེར་བསྐྱེད་ཀྱིས་ཆེད་ལས་དང་འགན་འཁྲི་འཁུར་ནས་ཚེ་སྲོག་སྲུང་སྐྱོང་བྱེད་ཀྱི་ཡོད་པས་ཁོང་ཚོའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དེ་སྤྱི་ཚོགས་ཡོངས་ཀྱིས་སློབ་སྦྱོང་བྱེད་རིན་ཡོད”མཚོ་སྔོན་ཞིང་ཆེན་རི་འཛེག་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ད་ཐེངས་ཀྱི་གཟེངས་བསྟོད་ནི་རོགས་སྐྱོབ་དཔའ་བོར་གུས་འདུད་ཞུས་པ་ཞིག་ཡིན་ལ་མི་དེ་བས་མང་བ་ཞིག་དུད་ཚང་དུ་འབྱོར་བའི་བདེ་འཇགས་འགན་ལེན་བྱ་གཞག་ནང་ཞུགས་རྒྱུར་སྐུལ་ལྕག་བཏང་ནས་རི་ཁུལ་གྱི་ལུས་རྩལ་བདེ་འཇགས་འགོག་སྲུང་འཛིང་རགས་ཐུན་མོང་ཐོག་བརྟན་དུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།