རང་ཞིང་གི་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་ཆུ་ཚད་མུ་མཐུད་དུ་ཇེ་ལེགས་སུ་སོང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

 

ཟླ12པའི་ཚེས16ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་འཚོགས་པའི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་གྲུབ་འབྲས”ཀྱི་མུ་འབྲེལ་བརྗོད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་འཕྲོད་བསྟེན་བདེ་ཐང་ཆེད་དོན་ཚོགས་འདུ་ནས་རྒྱུས་ལོན་པ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ་མཚོ་སྔོན་གྱིས་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་དམ་པོར་དམིགས་ནས་ཆད་སྐྱོན་ཁ་གསབ་དང་ཞན་ཆ་ཁ་སྐོང་།  དམངས་འཚོར་ཕན་པ་བཅས་བྱས་ཏེ།     སྨན་བཅོས་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་།     མི་དམངས་མང་ཚོགས་ཀྱི་བདེ་ཐང་གི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ།   མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་པའི་འཕྲོད་བསྟེན་སྡེ་ཁག་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ་དང་། ནད་རིགས་སྔོན་འགོག་དང་ཚོད་འཛིན་བྱེད་ནུས་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན།   སྔོན་འགོག་གཙོར་འཛིན་དང་འགོག་བཅོས་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ།     བདེ་ཐང་མཚོ་སྔོན་འཛུགས་སྐྲུན་དེ“ནད་བཅོས་ལྟེ་བར་འཛིན་པ”ནས“མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་པའི”ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་།     སྔོན་ལ་ཐུམ་འབུའི་ནད་འགོག་བཅོས་ཀྱི་སྲོལ་ཡིག་ལག་ལེན་ཁྱབ་བསྒྲགས་བྱས་ཤིང་།     ཐུམ་འབུའི་ནད་འགོག་བཅོས་ཀྱི“མཚོ་སྔོན་རྣམ་པ”རྒྱལ་ཡོངས་སུ་རྒྱ་ཆེར་ཁྱབ་གདལ་བཏང་།

སྤུས་ལེགས་སྨན་བཅོས་ཀྱི་ཐོན་ཁུངས་ཤོང་སྐྱེད་གཞི་རིམ་དུ་ཕྱོགས་པ་ཇེ་མགྱོགས་སུ་ཕྱིན་པ་དང་། རིམ་དབྱེའི་དཔྱད་བཅོས་མ་ལག་ཁྱོན་ཡོངས་ནས་སྲ་བརྟན་དུ་ཕྱིན།  ཐོག་མཐའ་བར་གསུམ་དུ་སྨན་བཅོས་ཀྱི་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་རྒྱུ་དེ་མང་ཚོགས་ཀྱི“ནད་བསྟེན་དཀའ་བ”ཐག་གཅོད་བྱེད་པའི་ལྟེ་བའི་བྱེད་ཐབས་ཤིག་ཏུ་བརྩིས་ཏེ།     “ནད་ཚབས་ཆེན་ཞིང་ཆེན་དུ་བསྟེན་པ་དང་།     སྤྱིར་བཏང་གི་ནད་གྲོང་ཁྱེར་དང་རྫོང་དུ་བསྟེན་པ།     མགོ་ན་བ་དང་ཚ་རྒྱག་པ་གྲོང་གསེབ་ཏུ་བསྟེན་པ”བཅས་ཀྱི་རིམ་དབྱེའི་དཔྱད་བཅོས་ཀྱི་རྣམ་པ་གསར་པ་བསྐྲུན་ཡོད།  མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་བདེ་བླག་ངང་བཙུགས་ནས་འཁོར་སྐྱོད་བྱས་ཤིང་།  རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་བསྐྲུན་ཏེ་སྤྱོད་འགོ་བརྩམས།  གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་ཡོངས་སུ་ཁྱབ་ཡོད།     ཞིང་ཆེན་ཡོངས་སུ་ཚགས་དམ་ཅན་གྱི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་བསྡོམས་པས46བཙུགས་ཏེ།     “ཚོགས་སྒྲིག་རྣམ་པའི”མཚོ་སྔོན་ལ་རོགས་སྐྱོར་དང་།     “མཚོ་སྔོན་ལྷོ་རྒྱུད་མཚོ་སྐོར”རོགས་སྐྱོར་སྨན་པ་དང་སྐོར་སྐྱོད་སྨན་བཅོས་སོགས་ཀྱི་རོགས་སྐྱོར་ལམ་སྲོལ་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་བྱས།     གསར་དུ་བསྡུས་པའི་སློབ་ཆེན་སློབ་མ537ཡོད་པའི་གྲོང་གསེབ་སྨན་པ་ཚང་མ་སྒྲིག་ཁོངས་ནང་བཅུག་ནས། གྲོང་གསེབ་ཀྱི་སྨན་པའི་ཐོབ་ཆ་དང་འགན་སྲུང་སྲིད་ཇུས་དུས་མཉམ་དུ་འཐུས་ཚང་དུ་བཏང་ནས། གྲོང་གསེབ་བདེ་ཐང་གི“མཇུག་མཐའི་སྤྱི་ལེ་གཅིག”གི་འགོག་སྲུང་སྔར་བས་སྲ་བརྟན་དུ་བཏང་།

སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་ཕྱིན་པ་དང་།     གཞུང་བཙུགས་སྨན་ཁང་གི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་རིམ་སྤར་བྱུང་ཡོད།  སྨན་བཅོས་དང་།     སྨན་བཅོས་འགན་སྲུང་། སྨན་རྫས་ཁྱབ་ཁོངས་བཅས་ཀྱི་བཅོས་སྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་བ་དང་།  “སྨན་གསུམ”མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་གི་ཕན་འབྲས་སྔར་བས་མངོན་གསལ་དོད་པོ་ཕྱིན་ཡོད།     གཏོང་སྤྲོད་བྱེད་སྟངས་བཅོས་སྒྱུར་བྱས་པ་བརྒྱུད།     ཞིང་ཆེན་ཡོངས་ཀྱི་སྨན་ཁང་དུ་སྡོད་པའི་སྨན་བཅོས་ཐེངས་རེ་ཡི་ཆ་སྙོམས་འགྲོ་གྲོན་སྒོར1100ལྷག་ཇེ་དམའ་བཏང་བ་དང་།     སྨན་ཁང་དུ་ཞག་སྡོད་བྱེད་ཡུན་ཉིན་གཅིག་ཙམ་ཇེ་ཉུང་དུ་བཏང་། མི་སྒེར་གྱི་འཕྲོད་བསྟེན་འགྲོ་གྲོན་གྱིས་ཟིན་པའི་བསྡུར་ཚད་དེ2024ལོའི་བརྒྱ་ཆའི་ཉེར་བཞི་གྲངས་ཆུང་ཐིག་ལྔ་ནས་བརྒྱ་ཆའི་བཅུ་དགུ་གྲངས་ཆུང་བདུན་བརྒྱད་བར་མར་ཆག་པས།   མང་ཚོགས་ཀྱི་ནད་བསྟེན་པ་དང་སྨན་བཅོས་ཀྱི་ཁུར་པོ་རྒྱུན་ཆད་མེད་པར་ཇེ་ཡང་དུ་སོང་ཡོད།   “སྦྲེལ་དྲ་དང་སྨན་བཅོས་བདེ་ཐང”གི་རིག་ནུས་ཞབས་ཞུའི་རྣམ་པ་རྒྱ་ཆེར་ཁྱབ་གདལ་བཏང་བ་དང་།     རྒྱང་བསྟེན་སྨན་བཅོས་དེ་ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཡུལ་ཚོ་བཅས་རིམ་པ་བཞིའི་སྨན་བཅོས་ལས་ཁུངས་ཡོངས་སུ་ཁྱབ་ཡོད།   ཞིང་ཆེན་ཡོངས་ཀྱི་རིམ་པ་གཉིས་པའི་ཡན་ཆད་ཀྱི་སྨན་ཁང་དག་དམངས་ཡོངས་ཀྱི་བདེ་ཐང་ཆ་འཕྲིན་ལས་སྟེགས་དང་འབྲེལ་མཐུད་བྱས་ཏེ། མང་ཚོགས་ཀྱིས་བདེ་ཐང་མཚོ་སྔོན་དམངས་བདེ་ཞབས་ཞུའི་བྱ་རིམ་ཆུང་བ་བརྒྱུད་དེ།  སྔོན་ལ་ཨང་འགོད་དང་བརྟག་བཤེར་ཞིབ་བཤེར་སྙན་ཞུ་འདྲི་ཞིབ། བདེ་ཐང་ཡིག་ཚགས་ལྟ་ཀློག་སོགས་བཀོལ་སྤྱོད་བྱས་ཏེ་སྨན་བཅོས་དེ་བས་སྟབས་བདེ་དང་བློ་སེམས་བདེ་བར་གྱུར་ཡོད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།