མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དམངས་སྲིད་ཅུའུ་ཡིས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནས་མགྱོགས་མྱུར་ངང་དཀའ་ཁག་ཅན་གྱི་མང་ཚོགས་ལ་མ་མཐའི་འགན་སྲུང་བྱེད་པའི་དགུན་དུས་ཀྱི་འགོག་སྲུང་འགུལ་སྐྱོད་སྤེལ་མགོ་བརྩམས་པ་དང་། “བརྒྱ་ཆའི་བརྒྱ”ལྔ་དེ་དམིགས་འབེན་དུ་བྱས་ཏེ། ཤུགས་ཆེན་པོས་དཀའ་ཁག་ཅན་གྱི་མང་ཚོགས་ཀྱིས་བདེ་འཇགས་དང་དྲོད་སྐྱིད་ཀྱི་ངང་དགུན་སྐྱེལ་ཐུབ་པར་འགན་སྲུང་བྱས། མིག་སྔའི་བར་དུ། ཁུལ་ཡོངས་ཀྱི་དཀའ་ཁག་ཅན་གྱི་མང་ཚོགས་ཁྲི་གསུམ་དང་སྟོང་གཅིག་དྲུག་བརྒྱ་ལ་རོགས་སྐྱོར་མ་དངུལ་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་གསུམ་བྱིན་ཡོད།
མཚོ་བྱང་ཁུལ་གྱི་རྫོང་སོ་སོས་སྟོབས་ཤུགས་རྩ་འཛུགས་བྱས་ཏེ། མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་དང་ཧ་ཅང་དཀའ་ངལ་ཡོད་པའི་མི་སྣ། དྭ་ཕྲུག བདག་སྐྱོང་བྱེད་མཁན་མེད་པའི་བྱིས་པ། དབང་བོ་སྐྱོན་ཅན་སོགས་གཙོ་གནད་མི་སྣ་དམིགས་སུ་བཟུང་ནས་དག་བཤེར་བྱས། ལས་བྱེད་མི་སྣ་སྡེ་བ་དང་སྡེ་ཁུལ་གྱི་ཡུལ་དངོས་དང་པོར་ཟབ་ཞུགས་བྱས་ཏེ། དཀའ་ཁག་ཅན་གྱི་ཁྱིམ་ཚང་དུ་སོང་ནས་དགུལ་སྐྱེལ་བའི་ལྭ་བ་དང་། འཚོ་བའི་མཁོ་དངོས། དྲོད་རླངས། ཁང་བ། སྨན་བཅོས་སོགས་ཕྱོགས་ཀྱི་དངོས་ཡོད་དགོས་མཁོ་དང་བྱེ་བྲག་གི་དཀའ་ཁག་ལ་ཞིག་ཕྲའི་རྒྱུས་ལོན་བྱས་པ་དང་བྱ་བའི་གསལ་ཕྲ་བཟོས་ནས། རོགས་སྐྱོར་བྱ་ཡུལ་གནད་ལ་ཁེལ་བ་དང་། གནས་ཚུལ་དང་གཞི་གྲངས་གསལ་བོ་ཡིན་པའི་སྒོ་ནས་ཁྱིམ་ཚང་གཅིག་དང་མི་གཅིག་ཀྱང་འཐུས་ཤོར་མི་འགྲོ་བར་ཁེག་ཐག་བྱས། འགུལ་སྐྱོད་འགོ་བརྩམས་པ་ནས་བཟུང་། འདྲི་རྟོག་དག་བཤེར་བྱས་པའི་དཀའ་ཁག་ཅན་གྱི་མི་སྟོང་གཅིག་དགུ་བརྒྱ་ང་གསུམ་ཡོད་ལ། གནས་སྐབས་རོགས་སྐྱོར་བྱས་པའི་མི་ཞེ་བདུན། རོགས་སྐྱོར་འགན་སྲུང་བྱས་པའི་མི99བཅས་ཡོད།
ཕྱོགས་ཡོངས་ནས་དག་བཤེར་བྱེད་པའི་རྨང་གཞིའི་སྟེང་། གནད་ལ་ཁེལ་ཞིང་ཕན་འབྲས་ཆེ་བའི་ངང་དམངས་སྲིད་ཀྱི་དམངས་ཕན་སྲིད་ཇུས་ཁག་སོ་སོ་དོན་འཁྱོལ་བྱས། དུས་ཐོག་ཏུ་མ་མཐའི་འགན་སྲུང་མ་དངུལ་དང་ཆེས་དཀའ་ཁག་ཡོད་པའི་མིའི་གསོ་སྐྱོང་མ་དངུལ། དབང་བོ་སྐྱོན་ཅན་ཁ་གསབ་མ་དངུལ་རིགས་གཉིས་སོགས་ཆ་ཚང་སྤྲད་ནས། དཀའ་ཁག་ཅན་གྱི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱོས། ཐོལ་བྱུང་དོན་རྐྱེན་དང་བློ་བུར་གྱི་གནོད་སྐྱོན། ནད་གཞི་ཚབས་ཆེན། ཡང་ན་དམིགས་གསལ་གྱི་རྒྱུ་རྐྱེན་གཞན་ལ་བརྟེན་ནས་གཞི་རྩའི་འཚོ་བ་གནས་སྐབས་ཀྱི་དཀའ་ཁག་དང་འཕྲད་པའི་ཁྱིམ་ཚང་དང་མི་སྒེར་ལ། གོ་རིམ་སྟབས་བདེར་བཟོས་ནས་དུས་ཐོག་ཏུ་རོགས་སྐྱོར་བྱས། དེ་དང་མཉམ་དུ། རྫོང་སོ་སོའི་དམངས་སྲིད་ཀྱིས་རང་འགུལ་ངང་ནོར་སྲིད་དང་འཕྲལ་རྐྱེན་དོ་དམ། གྲོང་གསེབ་དར་སྤེལ་སོགས་ཀྱི་སྡེ་ཁག་ལ་འབྲེལ་འདྲིས་བྱེད་ཤུགས་ཆེར་བསྐྱེད་བྱས་ནས། ཆ་འཕྲིན་མཉམ་སྤྱོད་དང་གྲོས་བསྡུར་དབྱེ་ཞིབ། མཉམ་འགུལ་དང་ལེན་བཅས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། དམངས་ཚིས་འགན་སྲུང་གི་བདེ་འཇགས་དྲ་བ་ཞིབ་ཚགས་སུ་བཟོས་ཡོད།