མཚོ་སྔོན་མགོ་ལོག་ཁུལ་གྱི“གངས་རི་ས་གཞི·བརྙན་རིས་དུས་ཚིགས”ཀྱི་བརྙན་ལེན་འགྲན་སྡུར་ཆེན་མོ་མཇུག་བསྒྲིལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12པའི་ཚེས3ཉིན། “སྐྱེ་ཁམས་མགོ་ལོག་ལ་དམིགས་པ། རང་བྱུང་རིག་གནས་འཚོལ་ཞིབ”ཅེས་པ་བརྗོད་བྱ་གཙོ་བོར་བྱས་པའི“གངས་རི་ས་གཞི·བརྙན་རིས་དུས་ཚིགས”ཀྱི་2025ལོའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་གྱི་བརྙན་ཐུང་བརྙན་ལེན་འགྲན་སྡུར་ཆེན་མོ་ཟི་ལིང་དུ་མཇུག་བསྒྲིལ།

འགྲན་སྡུར་ཆེན་མོ་ལས་བརྙན་རིས་བརྒྱུད་དེ་མགོ་ལོག་གི་སྐྱེ་ཁམས་ཀྱི་མཛེས་སྡུག་དང་འཕེལ་རྒྱས་ཀྱི་རྣམ་པ་བླངས་ཏེ། རྫི་གླུ་སིང་སིང་ལེན་པའི་རྩྭ་ཐང་གི་ཡུལ་ལྗོངས་ནས་ཨོག་དཀར་མགྲིན་སེར་རྒྱུག་པའི་སྐད་ཅིག་མའི་བར། དེ་ནས་རྨ་ཆུའི་ཉི་མ་ནུབ་པའི་བརྗིད་ཉམས་ལྡན་པའི་རི་མོ་བར། འགྲན་སྡུར་ནང་ཞུགས་པའི་བརྩམས་ཆོས་ཀྱི་ནང་དོན་ནི་མགོ་ལོག་ཁུལ་གྱི་རང་བྱུང་མཛེས་ལྗོངས་དང་། སྐྱེ་ཁམས་ཀྱི་ཤེས་དཔལ། མི་ཆོས་དང་རིག་གནས་མཛེས་ལྗོངས། རི་སྐྱེས་སྲོག་ཆགས། ལོ་རྒྱུས་རིག་གནས་དང་དམངས་སྲོལ་གོམས་སྲོལ་སོགས་ཕྱོགས་མང་པོར་ཁྱབ་ཡོད།     དྲོད་ཚད་ཡོད་ལ་གཏིང་ཟབ་པ།     ཤུགས་ཆེ་བ་བཅས་ཀྱི་བརྩམས་ཆོས་འབོར་ཆེན་ཞིག་གིས་མགོ་ལོག་གི་སྐྱེ་ཁམས་རྣམ་པ་གསོན་ཉམས་དོད་པོས་མངོན་པ་མ་ཟད།  ས་གནས་དེའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་།     སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན།  མི་རིགས་མཉམ་འདྲེས། གྲོང་གསེབ་དར་སྤེལ་སོགས་ཐད་ཀྱི་གྲུབ་འབྲས་གསར་པ་ཕྱོགས་ཡོངས་ནས་མངོན་ཡོད།

ཐེངས་འདིའི་འགྲན་སྡུར་ཆེན་མོ་ནི་མགོ་ལོག་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་།     ཟླ4པར་འགོ་བརྩམས་པ་ནས་བཟུང་ཞིང་ཆེན་ཕྱི་ནང་གི་བརྙན་ལེན་ལ་དགའ་མཁན་དང་བརྙན་རིས་གསར་རྩོམ་མཁན་གྱིས་དགའ་བས་དང་ལེན་བྱས།     བརྩམས་ཆོས་བསྡུ་རུབ་ཀྱི་དུས་ཡུན་ནང་དུ་བྱེད་སྒོ་ལ་བརྙན་ཐུང་དང་དེ་བཞིན་བརྙན་ལེན་བརྩམས་ཆོས་བསྡོམས་པས800འབྱོར་ཞིང་།     དུས་མཉམ་དུ་སྤེལ་བའི་དྲ་རྒྱའི་ཐོག་སྟོན་པའི་རིམ་པ་ལ་དགའ་བསུ་ཆེན་པོ་ཐོབ་ནས། མིག་སྔའི་བར་དྲ་རྒྱ་ཡོངས་སུ་ལྟ་ཚད་ཐེངས་དུང་ཕྱུར1ལས་བརྒལ་ནས་སྤྱི་ཚོགས་ཁྱབ་སྤེལ་གྱི་ཕན་འབྲས་རྒྱ་ཁྱབ་ཏུ་གྲུབ།

ཆེད་མཁས་དཔྱད་ཞིབ་ཚོགས་པས་གདམ་གསེས་ནན་མོ་བྱས་ཤིང་། ཆེད་ལས་དཔྱད་ཞིབ། དྲ་རྒྱར་ཡོངས་བསྒྲགས་སོགས་ཀྱི་རིམ་པ་བརྒྱུད། འགྲན་སྡུར་ཆེན་པོའི་བྱ་དགའ་ཁག་གི་བྱ་དགའ་ཐོབ་པའི་མིང་ཐོ་དངོས་སུ་བསྒྲགས་ཤིང་། མཐར་དཔྱད་འདེམས་ནང་དུ་བརྙན་ཐུང་དང་བརྙན་ལེན་ཚུད་པའི་བྱ་དགའ་ཐོབ་པའི་བརྩམས་ཆོས42ཐོན་པ་རེད།   ཐེངས་འདིའི་འགྲན་སྡུར་གྱིས་བརྙན་ལེན་དང་བརྙན་རིས་གསར་རྩོམ་གྱི་ལས་ལ་དགའ་མཁན་ལ་འཇོན་ཐང་མངོན་པའི་སྟེགས་བུ་བཟང་བོ་ཞིག་བསྐྲུན་པ་མ་ཟད།   གཟུགས་བརྙན་དེ་ཐུན་མོང་མ་ཡིན་པའི་སྨྱན་བྱད་དུ་བརྩིས་པས། མང་ཚོགས་ཀྱིས་མགོ་ལོག་གི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱུང་བ་དང་།    མགོ་ལོག་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར་ཁྱབ་གདལ་གཏོང་བ་དང་ས་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱེད་པར་གསོན་ཤུགས་གསར་པ་བསྣན་ཡོད།

འགྲན་སྡུར་གྱི་ཤུགས་རྐྱེན་སྔར་བས་ཆེ་རུ་གཏོང་ཆེད།   འགྲན་སྡུར་ནང་ཞུགས་པའི་ཕུལ་བྱུང་བརྩམས་ཆོས་ཉིན་མོ་འདི་ནས་བཟུང་མཚོ་སྔོན་ཞིང་ཆེན་རིག་གནས་ཁང་དུ་ཉིན7བར་འགྲེམ་སྟོན་བྱ་རྒྱུ་དང་། རྗེས་མར་ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭར་འགྲེམ་སྟོན་བྱ་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།