མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གཙང་སྐོར་ཞོལ་མ་ཞང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་སྤེལ་གཏོང་བའི་བླང་བྱར་དམིགས་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཤིང་། སྡེ་བ་རིམ་པའི་གཞུང་ལམ་བདག་སྐྱོང་དེ་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་དམངས་འཚོ་ལེགས་བཅོས་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་ནས། ཚད་མཐོའི་བཀོད་སྒྲིག་དང་བྱེད་ཐབས་དྲག་པོས་སྐུལ་འདེད་བཏང་། མངའ་ཁུལ་གྱི་སྤྱིའི་རིང་ཚད་སྤྱི་ལེ33ཡོད་པའི་སྡེ་བ་རིམ་པའི་གཞུང་ལམ3བདག་སྐྱོང་བྱེད་པའི་གཙོ་གནད་དུ་བཟུང་སྟེ། མང་ཚོགས་འགྲོ་འོང་བྱེད་པའི“བདེ་འཇགས་ལམ་བུ”དང་ཐོན་ལས་འཕེལ་རྒྱས་ཀྱི“ཕྱུག་སྒྱུར་ལམ་བུར”ནུས་ཤུགས་ཡོད་རྒུས་བསྲུངས་བ་དང་། བདག་སྐྱོང་ཕན་འབྲས་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ཏུ་བསྟར་ཞིང་། གྲོང་གསེབ་དར་སྤེལ་གྱི་རྨང་གཞི་ཇེ་བརྟན་དུ་བཏང་།
སྡེ་བ་རིམ་པའི་གཞུང་ལམ་བདག་སྐྱོང་བྱ་བའི་རུ་ཁག་གིས་ཚོགས་འདུ་འཚོགས་ཏེ། གོང་རིམ་གྱི་གཞུང་ལམ་བདག་སྐྱོང་དོ་དམ་སྐོར་གྱི་སྲིད་ཇུས་ཀྱི་དགོངས་དོན་དང་བླང་བྱ་བརྒྱུད་སྒྲོག་བྱས་ཤིང་། བདག་སྐྱོང་དམིགས་ཚད་གསལ་འདོན་དང་བྱ་བའི་ལས་འགན་ཞིབ་བུར་བཟོས། “ལམ་དཔོན་ལམ་ལུགས”གཟབ་ནན་གྱིས་དོན་འཁྱོལ་བྱས་ཏེ། མངའ་ཁུལ་གྱི་སྡེ་བ་རིམ་པའི་གཞུང་ལམ་བདག་སྐྱོང་གི་འགན་འཁྲི་དེ་བྱེ་བྲག་ཏུ་མི་རེ་རེའི་ཕྲག་ལ་བགོས་ཤིང་ལམ་དུམ་རེ་རེར་དོན་འཁྱོལ་བྱས་ནས།“མི་ཚང་མར་འགན་འཁྲི་ཡོད་ལ། ལམ་ཚང་མར་དོ་དམ་བྱེད་མཁན་ཡོད་པའི”དྲ་མིག་རྣམ་པའི་བདག་སྐྱོང་དོ་དམ་རྣམ་པ་ཆགས་སུ་བཅུག་ཅིང་། བདག་སྐྱོང་བྱ་བར་ལྷག་ལུས་མེད་པ་དང་། འགན་འཁྲིའི་འབྲེལ་ཐག་དམ་པོར་སྦྲེལ་བར་ཁག་ཐེག་བྱས།
བདག་སྐྱོང་རུ་ཁག་གིས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། སྔ་མོ་ནས་མི་སྣ་རྩ་འཛུགས་བྱས་ཏེ་མངའ་ཁུལ་གྱི་སྡེ་བ་རིམ་པའི་གཞུང་ལམ་ལ་གྲལ་བཤེར་བྱས་པ་དང་། ལམ་ངོས་ཀྱི་གས་སྲུབས་དང་ས་དོང་། རི་ལྡེབས་རྡིབ་པ། ལམ་འགྲམ་གྱི་ཡུར་རྐ་འགག་པ་སོགས་ཀྱི་བདེ་འཇགས་ལ་གནོད་པའི་རྐྱེན་རྩ་གཙོ་གནད་དུ་བཟུང་ནས་ལེགས་སྒྲིག་བྱས། དུས་མཚུངས་སུ། ཐེངས་འདིའི་བདག་སྐྱོང་བྱ་བའི་རུ་ཁག་གིས་ཧུར་ཐག་སྒོས་རྒུད་གསབ་ལས་སྤྲོད་བྱེད་སྟངས་ཁྱབ་སྤེལ་བྱས་ནས། མངའ་ཁུལ་གྱི་ལྟ་ཞིབ་ཚད་ལེན་ཁྱིམ་ཚང་དང་། ཡོང་འབབ་དམའ་བའི་མང་ཚོགས། བེད་མེད་ངལ་རྩོལ་ནུས་ཤུགས་བཅས་སྔོན་ལ་བསྡུ་ལེན་བྱས་ཏེ་བདག་སྐྱོང་ལས་ཀའི་ནང་ཞུགས་སུ་བཅུག་པ་དང་། རིམ་རྩིས་ལྟར་ན། ཞང་ཡོངས་ཀྱི་ལྟ་ཞིབ་ཚད་ལེན་ཁྱིམ་ཚང11དང་། གཞན་མང་ཚོགས6གིས་ཉེ་གནས་སུ་ལས་ཞུགས་ཐུབ་པ་མངོན་འགྱུར་བྱུང་ཞིང་། “གཞུང་ལམ་ཞིག་གསོ”དང“དམངས་ཕྱུག”གཉིས་ཀར་སྐུལ་འདེད་གཏོང་བ་མངོན་འགྱུར་བྱས་ཡོད།
སླད་ཕྱིན། གཙང་སྐོར་ཞོལ་མ་ཞང་གཞུང་ལམ་བདག་སྐྱོང་རུ་ཁག་གིས་སྡེ་བ་རིམ་པའི་གཞུང་ལམ་བདག་སྐྱོང་གི་ཡུན་ཕན་ནང་རྐྱེན་འཐུས་ཚང་དུ་བཏང་ནས། རྒྱུན་གཏན་གྱི་སྐོར་ཞིབ་བྱེད་ཐེངས་ལ་ཤུགས་སྣོན་ཞིང་། མངོན་མེད་རྐྱེན་ངན་སྔ་མོ་ནས་ཤེས་རྟོགས་བྱེད་པ་དང་སྔ་མོ་ནས་ཐག་གཅོད་ཐུབ་པ་བྱ་རྒྱུ་དང་། དུས་མཚུངས་སུ་རྒྱུན་ཆད་མེད་པར་བདག་སྐྱོང་བྱེད་སྟངས་ཇེ་ལེགས་སུ་གཏོང་བ་དང་། བདག་སྐྱོང་ཆེད་ལས་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་བཏང་ནས། སྔར་བས་ཏན་ཏིག་གི་བྱེད་ཐབས་དང་སྔར་བས་དངོས་གཉེར་གྱི་སྤྱོད་ཚུལ་གྱིས་སྡེ་བ་རིམ་པའི་གཞུང་ལམ་བདག་སྐྱོང་ལས་དོན་ལེགས་པོར་བསྒྲུབ་སྟེ། གཙང་སྐོར་ཞོལ་མ་ཞང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མང་ཚོགས་ཀྱི་འགྲོ་འོང་སྟབས་བདེ་ཡོང་བར་འགྲིམ་འགྲུལ་འགན་སྲུང་བྱ་རྒྱུ་རེད།