མཚོ་སྔོན་ཞིང་ཆེན་གྱིས《རྒན་གསོ་ཞབས་ཞུའི་བསྒྱུར་བཅོས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་བྱེད་ཐབས་འགའ》པར་འགྲེམས་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར་རང་ཞིང་གིས《རྒན་གསོའི་ཞབས་ཞུའི་བཅོས་སྒྱུར་དང་འཕེལ་རྒྱས་གཏིང་ཟབ་ཏུ་གཏང་བའི་སྐོར་གྱི་བྱེད་ཐབས་འགའ》(གཤམ་དུ་《བྱེད་ཐབས་འགའ》ཞེས་འགོད་རྒྱུ། )དངོས་སུ་པར་འགྲེམས་བྱས། མི་འབོར་རྒས་འགྱུར་ཅན་ལ་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་ཡིན་པའི་ངོས་ནས། 《བྱེད་ཐབས་འགའ》ཡིས་ས་མཐོའི་དོན་དངོས་ལ་གཞི་ཚུགས་ནས་རྒན་གསོ་ཞབས་ཞུ་འཕེལ་རྒྱས་གཏོང་བའི་དཀའ་གནད་ལ་དམིགས་ཏེ།  ཕྱོགས་ཆེན་པོ་དྲུག་གི་བྱེད་ཐབས་ཞིབ་ཕྲ23ལ་བརྟེན་ནས་མ་ལག་རང་བཞིན་གྱི་བཅོས་སྒྱུར་སྒྲོམ་གཞི་བཙུགས་ནས་རྒན་གསོ་ཞབས་ཞུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བ་དང་། ཞིང་ཆེན་ཡོངས་ཀྱི་རྒན་རྒོན་སྣ་མང་ཅན་དང་རིམ་པ་མི་འདྲ་བའི་རྒན་གསོའི་དགོས་མཁོ་གནད་ལ་འཁེལ་བའི་སྒོ་ནས་བསྐངས་ཡོད།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་མཚོ་སྔོན་ཞིང་ཆེན་གྱི་རྒན་གསོ་ཞབས་ཞུའི་ཕན་འབྲས་མངོན་གསལ་དོད་པོ་ཡིན།  “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་ཞིང་ཆེན་གྱིས《བྱེད་ཐབས་འགའ》ཁྲིད་སྟོན་དུ་བཟུང་སྟེ། “2029ལོའི་གཞི་རྩའི་རྒན་གསོ་ཞབས་ཞུ་ལེགས་སྒྱུར་དང་། 2035ལོའི་རྒན་གསོ་ཞབས་ཞུའི་མ་ལག་འཐུས་ཚང་བ་ཞིག་གཏན་འཁེལ་བྱེད་པར”དམིགས་ཏེ།  རྒན་གསོ་ཞབས་ཞུའི་སྤུས་ཚད་མཐོར་འདེགས་དང་ཤོང་ཚད་ཇེ་ཆེར་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏང་འཆར་ཡོད།

ཞབས་ཞུའི་དྲ་རྒྱ་འཛུགས་པའི་ཐད་རྫོང་དང་གྲོང་གསེབ་ཀྱི་རིམ་པ་གསུམ་པའི་རྒན་གསོ་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་སྟེ། རྫོང་རིམ་པའི་ཕྱོགས་བསྡུས་རྒན་གསོ་ཞབས་ཞུའི་དོ་དམ་སྟེགས་བུ་དང་གྲོང་ཁྱེར་སྲང་ལམ་སྡེ་ཁུལ་དུ་རྒན་གསོ་ཞབས་ཞུའི་སྒྲིག་བཀོད་ཡོངས་སུ་ཁྱབ་པར་བྱ་རྒྱུ་དང་། ཡུལ་ཚོ་དང་་གྲོང་རྡལ་ས་ཁོངས་སུ་རྒན་གསོའི་ཞབས་ཞུ་ལྟེ་གནས་གཞི་རྩའི་ཆ་ནས་ཁྱབ་པར་བྱས་ཏེ། གྲོང་གསེབ་གྱི“རོགས་རེས་རྒན་གསོའི་ཞབས་ཞུ་ཚོགས་པ”དང་གྲོང་ཁྱེར་གྱི“སྐར་མ་བཅོ་ལྔའི”རྒན་གསོའི་ཞབས་ཞུ་ཚོགས་བཙུགས་ནས་གྲོང་གསེབ་དང་འབྲོག་ཁུལ་གྱི་རྒན་གསོ་ཞབས་ཞུའི་ཞན་ཆ་ཁ་གསབ་བྱས་ནས་གསར་དུ་བསྐྲུན་པའི་སྡོད་ཁུལ་གྱི་རྒན་གསོ་ཞབས་ཞུའི་སྒྲིག་ཆས་བཀོད་སྒྲིག་ཚད་གཞི་བཞིན་ལག་བསྟར་བྱ་དགོས།

མཁོ་སྤྲོད་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བའི་ཐད་ནས་ཆེད་ལས་ཅན་གྱི་ཁྱིམ་སྡོད་རྒན་གསོ་ཞབས་ཞུའི་སྒྲིག་གཞི་གསོ་སྐྱོང་དང་། “སྡེ་ཁུལ+སྡེ་ལས+རྒན་གསོ་ཞབས་ཞུ”ཡི་རྣམ་པ་ཁྱབ་གདལ་བཏང་སྟེ།  རིག་ཤེས་ཁྱིམ་ཚང་གི་རྒན་གསོ་ཉལ་ཁྲིའི་ཁྱབ་རྒྱ་ཇེ་ཆེར་གཏང་བ་དང་། རྒན་གསོའི་ལས་ཁུངས་ཀྱི་བདག་སྐྱོང་རྣམ་པའི་ཉལ་ཁྲིའི་བསྡུར་ཚད་ཇེ་མཐོར་བཏང་ནས་རྒན་རྒོན་ནུས་ཤོར་ཅནདང་ཧོན་ལོག་པའི་བགྲེས་པོར་ལྟ་སྐྱོང་ཞབས་ཞུ་དང་ལྷིང་འཇགས་ཀྱི་སྨན་བཅོས་ཞབས་ཞུ་ཇེ་ལེགས་སུ་གཏང་དགོས། ཁྱིམ་ཚང་དུ་རྒན་གསོ་བྱེད་པའི་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་བཏང་ནས་ རྒན་རྒོན་ལ་འཚམ་པའི་བསྒྱུར་བཀོད་ཀྱི་ཁ་གསབ་ཁྱབ་རྒྱ་ཇེ་ཆེར་གཏང་དགོས།

སྨན་བཅས་ཁམས་གསོ་མཉམ་འདྲེས་དང་འཕེལ་རྒྱས་འགན་སྲུང་ཕྱོགས་ནས། རྒན་རྒོན་གྱི་ལུས་ཕུང་ལ་དཔྱད་དཔོག་དང་ཕན་ཚུན་ཁས་ལེན་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། སྨན་བཅོས་དང་གསོ་སྐྱོང་བརྒྱུད་སྤྲོད་བརྒྱུད་ལམ་ཡངས་པོར་བཟོ་བ་དང་། ། ཁྱིམ་ཚང་སྨན་པའི་ཁ་ཆད་ལག་བསྟར་ཞབས་ཞུ་བྱེད་ཤུགས་ཆེ་རུ་བཏང་ནས་ས་བབ་མཐོ་བའི་ས་ཁུལ་གྱི་སྨན་བཅོས་དང་ཁམས་གསོ་མཉམ་འདྲེས་ཀྱི་ཁྱད་ཆོས་མངོན་དགོས། ནོར་སྲིད་ཀྱི་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ། གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱས་ནས་སྤྱི་ཚོགས་ཀྱི་མ་རྩ་ཞུགས་པར་སྐུལ་སློང་དང་། ཡུན་རིང་ལྟ་སྐྱོང་གི་འགན་སྲུང་མ་ལག་འཐུས་ཚང་། རྒན་གསོ་ཞབས་ཞུའི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོནཔ། རིག་ཤེས་རྒན་གསོའི་ལག་རྩལ་བཀོལ་སྤྱོད་དང་གཞི་གྲངས་མཉམ་སྤྱོད་ལ་སྐུལ་འདེད་བཅས་བཏང་། 

ལས་རིགས་ལྟ་སྐུལ་དོ་དམ་དང་ཐོན་ལས་འཕེལ་རྒྱས་ཀྱི་ཕྱོགས་ནས། “སུས་ཞིབ་མཆན་བཀོད་ན་དེས་ལྟ་སྐུལ་དོ་དམ་དང་། སུས་གཙོ་གཉེར་བྱས་ན་དེས་ལྟ་སྐུལ་དོ་དམ་བྱེད་པའི”རྩ་དོན་མཐའ་འཁྱོངས་བྱས་ཏེ། རྒན་གསོ་ཞབས་ཞུའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱུན་ཚུལ་ཅན་གྱིས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེརབྱས་ཏེ།  ཐོ་འགོད་དོ་དམ་དང་། ཡིད་རྟོན་ལྟ་སྐོར། གྲོན་བསྡུ་དོ་དམ་བཅས་ཚད་ལྡན་དུ་བཏང་མ་ཟད། རྒན་གསོ་ཞབས་ཞུའི་ཁྱབ་ཁོངས་ཀྱི་ཁྲིམས་འགལ་དང་སྒྲིག་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ་དང་ཆབས་ཅིག  ཆབ་སྲིད་དང་སྤྱི་ཚོགས་ཀྱི་མཐུན་སྦྱོར་ནུས་པ་འདོན་སྤེལ་བྱས་ཏེ། རྒན་གསོའི་ཐོན་ལས་ས་མཚམས་ལས་བརྒལ་བའི་མཉམ་འདྲེས་ལ་སྐུལ་འདེད་བཏང་། “སྐྲ་དཀར་དཔལ་འབྱོར”གྱི་སྒུལ་ཤུགས་གསར་པ་གསོ་སྐྱོང་བྱས་ཏེ་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་བདེ་ཐང་ཁམས་གསོ་ཐོན་ལས་ཀྱི་སྤུས་རྟགས་གཏོད་དགོས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།