ཟླ11པའི་ཚེས25ཉིན། གསར་འགོད་པས་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཁོངས་གཏོགས་སྨན་དང་པོ་མཚོ་སྔོན་སྨན་ཁང་གི་མགོ་རྩོམ་སྨྱན་སྦྱོར་ཚོགས་འདུ་ལས་རྒྱུན་ལོན་བྱུང་བ་ཡིན་ན། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་མངའ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་ཐོག་མ་སྟེ། ཞི་ཨན་འགྲིམ་འགྲུལ་གྱི་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོ་མཚོ་སྔོན་སྨན་ཁང་གིས་ཉེ་ལམ་བེད་སྤྱོད་བྱེད་མགོ་རྩོམ་རྒྱུ་རེད།
རྒྱལ་ཁབ་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བྱས་པའི་གཙོ་གནད་སྨན་བཅོས་འཕྲོད་བསྟེན་གྱི་འཛུགས་བསྐྲུན་ལས་གཞི་གལ་ཆེན་ཞིག་ཡིན་ལ། དེ་ནི་སྤུས་ལེགས་སྨན་བཅོས་ཐོན་ཁོངས་རྒྱ་བསྐྱེད་དང་ཁྱབ་ཁོངས་ཆ་སྙོམས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། ས་གནས་ཁག་ཅིག་གི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཀྱིས་མི་འདང་བ་ཐག་གཅོད་བྱེད་པ། མགྱོགས་མྱུར་ངང་ས་ཁུལ་གྱི་སྤྱིའི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བྱེད་པ། སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་ཡིན། 2021ལོའི་ཟླ7པར། རང་ཞིང་རིམ་པ་གཉིས་པའི་རྒྱལ་ཁབ་མངས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་འཛུགས་བསྐྲུན་གྱི་ཚོད་ལྟའི་ཞིང་ཆེན་དུ་བདམས། 2022ལོའི་ཟླ5པར། ཞིང་ཨན་འགྲིམ་འགྲུལ་སློབ་ཆེན་ཁོང་གཏོགས་སྨན་ཁང་དང་པོ་མཚོ་སྔོན་སྨན་ཁང་དེ་རྒྱལ་ཁབ་མངའ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་སྐོར་གསུམ་པའི་འཛུགས་བསྐྲུན་མིང་ཐོའི་ཁྲོད་ཚུད། ལོ་དེའི་ཟླ9པར། ལས་གཞི་དེར་དངོས་སུ་རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ། ལས་གཞིའི་འཛུགས་བསྐྲུན་ས་གནས་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་འདེམ་པ་དང་། རྒྱལ་ཁབ་མངའ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་དང་རྒྱལ་ཁབ་མྱུར་སྐྱོབ་གསོ་རིག་སྨན་བཅོས་ཀྱི་རྟེན་གཞི་ཕྱོགས་བསྡུས་གཅིག་གྱུར་བྱས་པ་དང་། སྤྱིའི་ས་བཟུང་ཚད་ལ་སྤྱི་ཆིང12.3དང་། འཛུགས་བསྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི11.72ཡོད། སྤྱིའི་མ་དངུལ་ལ་སྒོར་ཐེར་འབུམ་གཅིག་ཙམ་གཏོང་། ལས་གཞི2023ལོའི་ཟླ9པར་ལས་མགོ་བརྩམས་པ་དང་། 2025ལོའི་ཟླ11པར་ཐོག་མའི་ལེགས་འགྲུབ་དང་རྩིས་ལེན་བྱས། ཟླ11པའི་སྨད་དུ་དངོས་སུ་བེད་སྤྱོད་བྱ་རྒྱུ་རེད།
སྨན་ཁང་གིས་སྨན་བཅོས་བྱེད་མགོ་བརྩམས་རྗེས་ཕྱོགས་ཡོངས་ཞབས་ཞུ་དང་ཡུན་རིང་འཕེལ་རྒྱས་མ་ལག་འཛུགས་བསྐྲུན་བྱས་ཏེ། ཐོག་མར་མལ་ཁྲི300བེད་སྤྱོད་བྱེད་པ་དང་ཁྱོན་བསྡོམས་ཞག་སྡོད་ཚན་ཁག11དང་སྒོ་བསྟེན་ཚན་ཁག22། སྨན་བཅོས་ལག་རྩལ་ཚན་ཁག9དང་སྨན་བཅོས་ལྟེ་གནས2བཅས་སུ་ཁྱབ་ཡོད། སྒོ་བསྟེན་སྨན་བཅོས་དང་སྨན་བཅོས་ལག་རྩལ་གྱི་གཞོགས་འདེགས། ཆེད་དོན་སྨན་བཅོས་ཀྱི་ཁ་སུམ་ཞབས་ཞུའི་སྦྲེལ་མཐུད་བསྐྲུན་ནས། སྤུས་ལེགས་ཐོན་ཁུངས་ཕྱོགས་བསྡུས་དང་སྔོན་ཐོན་ལག་རྩལ། ཚད་མཐོའི་སྒྲིག་ཆས་ཕྱོགས་བསྡུས་བྱས་ཏེ། ས་ཁོངས་ཀྱི་རིམ་དབྱེ་སྨན་བཅོས་ཀྱི་མཐུན་སྦྱོར་དྲ་རྒྱུ་བཛུགས་ཡོད། བདག་གཉེར་བྱེད་སྐབས་གོ་རིམ་ཧྲིལ་བོའི་ཞིབ་ཕྲ་ཅན་གྱི་དོ་དམ་ལ་སྐུལ་འདེད་དེ། རྒྱུད་ལམ་མང་བོ་ནས་སྔོན་དུས་ཆད་བྱེད་པ་དང་། རིག་ཚན་མང་བོའི་སྨན་བཅོས་རྣམ་པ་བཏོད་ནས། སྔོན་བཤེར་དང་སྨན་བཅོས། བདེ་ཐང་སླར་གསོ། འདྲི་རྟོགས་བཅས་ཀྱི་གོ་རིམ་ཧྲིལ་བོའི་བདེ་ཐང་དོ་དམ་ལམ་ལུགས་བཙུགས་པ་དང་། དེ་དང་མཉམ་དུ་སྨན་བཅོས་སྤུས་ཚད་བདེ་འཇགས་ཀྱི་སྲོག་ཤིང་ལམ་ལུགས་དང་འགུལ་རྣམ་སྤུས་ཚད་ཚོད་འཛིན་ལྟ་ཞིབ་མ་ལག་དོན་འཁྱོལ་བྱས། འཕེལ་རྒྱས་ཀྱི་འཆར་འགོད་རིམ་བགར་ལ་སྐུལ་འདེད་བཏང་སྟེ། ལྟེ་བའི་ཚན་ཁག་གི་འཛུགས་བསྐྲུན་ཐོག་མ་ལེགས་འགྲུབ་བྱས་པ་དང་། མལ་ཁྲི300བེད་སྤྱོད་བྱེད་པ་དེ། རིམ་བཞིན་མལ་ཁྲི500རུ་འཕར་བ་དང་། རྒྱལ་ཁབ་ཀྱི་རྩིས་ལེན་བྱས་ཏེ། མངའ་ཁོངས་ཀྱི་སྨན་བཅོས་ལག་རྩལ་གསར་གཏོད་དང་འཇོན་མི་གསོ་སྐྱོང་གི་མཐོ་ས་བསྐྲུན་པ། འཕྲོ་འགྱེད་དང་ཉེ་འཁོར་ས་གནས་ཀྱི་སྨན་བཅོས་ཞབས་ཞུའི་ནུས་ཤུགས་ཁྱོན་ཡོངས་ནས་མཐོ་འདེགས་བཏང་སྟེ། ནུས་ལྡན་ངང་ཞིང་ཆེན་ས་ཁོངས་ཀྱི་ནད་པ་ཕྱིར་བསྐྱལ་ཚད་ཇེ་ཉུང་དུ་བཏང་ཡོད།