ཟླ11པའི་ཚེས20ཉིན། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་བསྡོམས་རྩིས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་དང་པོ་ནས་ཟླ་བཅུ་པའི་བར་དུ། མཚོ་ཤར་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐོག་མའི་ལས་འགན་འདིར་དམིགས་ཏེ། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་དང་སྡེ་ཁག་དང་རྫོང་། ཆུའུ་བཅས་མཐུན་སྦྱོར་ཤུགས་འདོན་ཐེངས་མང་བྱས་པ་བརྒྱུད། གྲོང་ཁྱེར་གྱི་དཔལ་འབྱོར་རྣམ་པས་དམིགས་ཚད་ཁ་ཤས་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་ལེགས་པོ་མངོན་ཞིང་། ཁྱབ་ཁོངས་གཙོ་བོས་འགན་ལེན་མདུན་སྐྱོད་བྱེད་པའི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་མངོན་ཡོད། དེའི་ཁྲོད་བཟོ་ལས་ལས་སྣོན་རིན་གྲངས་དམའ་རིམ་ནས་མཐོ་རིམ་དུ་སྤར་བ་དང་། འཛད་སྤྱོད་ཚོང་རས་བརྟན་འཇགས་འཕར་སྣོན་རྒྱུན་སྲིང་བྱས་ཡོད་པས། ལོ་ཧྲིལ་བོའི་དམིགས་འབེན་ལེགས་འགྲུབ་འབྱུང་བར་རྨང་གཞི་བརྟན་པོ་བཏིངས།
གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་དང་པོ་ནས་ཟླ་བཅུ་པའི་བར་དུ། མཚོ་ཤར་གྱི་གཞི་རྒྱ་ཆེ་བའི་བཟོ་ལས་ཁེ་ལས་ཀྱིས་བསྡོམས་པས་ཐོན་རིན་སྒོར་ཐེར་ཆེན་གཉིས་ཐེར་འབུམ་དགུ་དུང་ཕྱུར་གསུམ་དང་བྱེ་བ་གཉིས་ས་ཡ་གསུམ་ལེགས་འགྲུབ་བྱས་ཤིང་། དུས་མཉམ་ལས་བརྒྱ་ཆའི་ཐིག་དང་གྲངས་ཆུང་དགུ་ལྔ་འཕར་བས། ཟླ་སྔོན་མ་དང་སྡུར་ནས་མར་ཆག་པ་ནས་ཕྱིར་འཕར་བ་མངོན་འགྱུར་བྱུང་ཡོད། གཞི་རྒྱ་ཆེ་བའི་བཟོ་ལས་འཕར་ཐང་མར་ཆག་པའི་རྣམ་པ་བསྒྱུར་ནས་གནད་འགག་གི་དཀྱོག་མཚམས་མངོན་འགྱུར་བྱུང་། ཟླ་གཅིག་གི་བྱས་འབྲས་མངོན་གསལ་དུ་གྱུར་ཡོད་དེ། ཟླ་བཅུ་པའི་ནང་ཐོན་རིན་སྒོར་ཐེར་འབུམ་གསུམ་དུང་ཕྱུར་བཞི་དང་བྱེ་བ་བརྒྱད་ས་ཡ་བཞི་ལ་སླེབས་པ་དང་། དུས་མཉམ་ལས་བརྒྱ་ཆའི་བཅུ་བཞི་དང་གྲངས་ཆུང་བརྒྱད་དགུ་འཕར། དེའི་མྱུར་ཚད་ཟླ་དགུ་པ་དང་བསྡུར་ན་བརྒྱ་ཆའི་གྲངས་གནས་གཉིས་དང་གྲངས་ཆུང་དྲུག་དགུ་འཕར། བཟོ་ལས་ཐོན་སྐྱེད་ཀྱི་གསོན་ཤུགས་མུ་མཐུད་འཕར་སྣོན་བྱུང་སྟེ། རྩིས་འཁོར་དང་འཕྲིན་གཏོང་། དེ་ལས་གཞན་པའི་གློག་རྡུལ་སྒྲིག་ཆས་བཟོ་བསྐྲུན་ལས་རིགས་སོགས་ལས་རིགས་འཕར་སྣོན་གྱི་ཤུགས་འདོན་མཁན་གཙོ་བོར་གྱུར་ཡོད་ལ། བཟོ་ལས་དེ་དག་མཚོ་ཤར་གྲོང་ཁྱེར་གྱི་དཔལ་འབྱོར་བརྟན་པོར་འཕར་སྣོན་འབྱུང་བའི་རྨང་རྡོ་རུ་གྱུར་ཡོད། དེ་ལས་གཞན། འཛད་སྤྱོད་ཚོང་རས་གནོན་ཤུགས་ཐེག་ཐུབ་པར་བྱས་ཏེ་འཕར་སྣོན་མངོན་འགྱུར་བྱུང་། བཅད་གྲངས་ཡན་གྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་ཕྱིར་འཚོང་བསྡོམས་འབོར་གྱི་གྲངས་ཚད་སྒོར་ཐེར་འབུམ་གཉིས་དུང་ཕྱུར་གསུམ་དང་བྱེ་བ་དྲུག་ས་ཡ་གཅིག་ལ་སླེབས་པ་དང་། དུས་མཉམ་ལས་བརྒྱ་ཆའི་ལྔ་དང་གྲངས་ཆུང་གཅིག་འཕར། དེའི་ཁྲོད། ཚོང་རྫས་ཕྱིར་འཚོང་མ་དངུལ་སྒོར་ཐེར་འབུམ་གཉིས་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ས་ཡ་དགུ་ལ་སླེབས་ཤིང་། དུས་མཉམ་ལས་བརྒྱ་ཆའི་དྲུག་དང་གྲངས་ཆུང་གཅིག་བཞི་འཕར་བ་དང་། འཛད་སྤྱོད་འཕར་སྣོན་གྱི་སྲོག་ཤིང་སྒུལ་ནུས་སུ་གྱུར་ཡོད།
ལོ་ཧྲིལ་བོའི་དམིགས་འབེན་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱ་ཆེད། མཚོ་ཤར་གྲོང་ཁྱེར་གྱིས་བཟོ་ལས་ཀྱི་རྨང་རྐང་ཇེ་བརྟན་དུ་བཏང་ཞིང་། དགེ་མཚན་ལྡན་པའི་ལས་རིགས་དམིགས་སུ་བཟུང་ནས་ལས་གཞི་གཙོ་བོའི་དངུལ་གཏོང་ཐོན་འབོར་གྱི་བྱེད་ནུས་འདོན་སྤེལ་ཐད་སྐུལ་འདེད་བཏང་བ་དང་། རིགས་སྣ་མང་བའི་འཕར་གནས་གསོ་སྐྱོང་བྱས་ལ། དུས་མཉམ་དུ་དངུལ་གཏོང་གི་སྒུལ་ནུས་གསར་པ་སྐུལ་སྤེལ་བྱས་ཤིང་། ལས་གཞི་གྲབས་གསོག་དང་ཞབས་ཞུའི་ནུས་ཚད་ཇེ་ཆེར་བཏང་བ་དང་། མཆན་འགོད་རེ་ཞུའི་འཛུགས་སྐྲུན་བཀག་རྒྱ་མེད་པར་བཏང་ལ། ཕྱུགས་ལས་རོགས་སྐྱོར་ཤུགས་དྲག་ཏུ་བཏང་ཡོད། ཆེད་དོན་བྱ་དགའི་གསབ་དངུལ་སྲིད་ཇུས་བཏོན་པ་དང་ཞིང་ལས་ཉེན་སྲུང་མ་ལག་འཐུས་ཚང་དུ་བཏང་ནས། ཐོན་ལས་ཆ་སྙོམ་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་། དུས་མཉམ་དུ། འཛད་སྤྱོད་མུ་མཐུད་ཡར་སྐུལ་བྱས་ནས། འབེན་དམིགས་སྐུལ་འཚོང་དང་། རྙིང་ཚབ་གསར་བརྗེའི་སྲིད་ཇུས་དངོས་འབེབས་བྱས་ནས། ཚོང་རའི་སྦས་ཤུགས་ཕྱིར་བཏོན། ལས་དོན་ཁག་བརྟན་འཇགས་འཕར་སྣོན་གྱི་སྲིད་ཇུས་དོན་འཁྱོལ་བྱས་པ་དང་བསྟུན་ནས། ཁྱབ་ཁོངས་གཙོ་བོའི་མི་འདང་ས་རིམ་བཞིན་གསབ་པ་དང་། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་ངང་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་སྲ་བརྟན་གཏོང་བར་རེ་བ་ཡོད་པས། ལོ་ཧྲིལ་བོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམིགས་འབེན་ལེགས་འགྲུབ་འབྱུང་བར་འབད་འབུངས་བྱེད་བཞིན་ཡོད།